༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལ་བ་ཅིན་ བཟོ་སྐྲུན་ལས་སྡེའི་ནང་ སྐྱོན་ཚུ་ ཁྱབ་ཆེ་དྲགས་སྦེ་ ཞུགས་ཡོདཔ་ལས་ གནས་ཚད་མཐོ་དྲགས་ ངེས་བརྟན་བཟོ་ནིའི་དོན་ལུ་ བཟོ་བཀོད་འབད་མི་ རྒྱལ་ཡོངས་བཟོ་སྐྲུན་བཟོ་གྲྭའི་སྲིད་བྱུས་༢༠༢༠ ཅན་མའི་ཕན་ནུས་དེ་ ཚ་གྱང་ཆེ་བའི་གཞི་གནད་ཅིག་ལུ་ འགྱུར་ཡོདཔ་ཨིན་པས།
རྒྱལ་ཡོངས་བཟོ་སྐྲུན་བཟོ་གྲྭའི་སྲིད་བྱུས་དེ་ ལག་ལེན་འཐབ་རུང་ ལས་སྡེའི་ནང་ ནོར་འཕྲུལ་དང་ གནས་ཚད་མེད་པའི་ ལཱ་ཚུ་གིས་ འཕྲོ་མཐུད་དེ་ར་ གནོད་སྐྱོན་རྐྱབ་ཡོདཔ་བཞིན་དུ་ ལས་སྡེ་དང་ ལས་འགུལ་༦༢ ནང་ གནད་དོན་༡༣༩ ཐོན་ཡོདཔ་ཨིན་པས།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གི་ གཞི་རྟེན་མཁོ་ཆས་གོང་འཕེལ་ལས་ཁུངས་ནང་ སྤྱི་ལོ་༢༠༢༣ ཟླ་༡༢ པའི་ཚེས་༣༡ ཚུན་ ཁག་འབགཔ་དང་ ལས་སྡེ་ཚུ་གི་ མིང་ཐོ་ཁར་ རྩིས་ལོ་༢༠༢༡-༢༢ དང་ རྩིས་ལོ་༢༠༢༢-༢༣ དང་འབྲེལ་བའི་ སྔོན་བྱིན་དངུལ་ཀྲམ་ས་ཡ་༣༤༠.༦༦༡ རྩིས་སྒྲིག་མ་འབད་བར་ ཡོདཔ་ཨིན་པས།
གནད་དོན་ཚུ་ཡང་ ཁྲིམས་དང་ བཅའ་ཡིག་ དེ་ལས་ བྱ་སྒོའི་ལམ་ལུགས་ཚུ་དང་ མ་གནས་མི་ལུ་བརྟེན་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ སྔོན་བྱིན་ཚུ་ ཚ་ངེར་བཏོན་ཏེ་ བསྐྱར་རྙེད་དང་ ཡང་ཅིན་ རྩིས་སྒྲིག་འབད་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ འཆར་གཞི་དང་ འོས་འབབ་ཀྱི་ཞིབ་དཔྱད་དང་ སབ་ཁྲ་དང་བཟོ་བཀོད་ཚུ་ ཚུལ་མཐུན་མེད་མི་ བཟོ་སྐྲུན་གྱི་ སྤུས་ཚད་ངེས་གཏན་བཟོ་ཐབས་ལུ་ སྤུས་ཚད་འགན་ལེན་དང་ ཚད་འཛིན་གྱི་ལཱ་འགན་ བསྟར་སྤྱོད་མ་འབད་བར་འདུག་ཟེར་ཨིན་པས།
དེ་མ་ཚད་ དགོས་མཁོ་དང་འཁྲིལ་ཏེ་ ལྟ་རྟོག་དང་ལྟ་བཀོད་ཚུ་མ་འབད་མི་ དེ་ལས་ ལཱ་རྩིས་སྤྲོད་ལེན་འབདཝ་ད་ སྤུས་ཚད་བརྟག་དཔྱད་མ་འབད་མི་དང་ ཁག་འབགཔ་ཚུ་ལུ་ སྐྱོན་ཅན་གྱི་ལཱ་ཚུ་ དུས་ཚོད་ཁར་ ལེགས་བཅོས་འབད་མ་བཅུག་པར་ བཞག་སྟེ་འདུག་ཟེར་ཨིན་པས།
བཟོ་སྐྲུན་ལས་ཚན་ནང་ སྤུས་ཚད་ཀྱི་ གནད་དོན་ཚུ་ འཕྲོ་མཐུད་དེ་ར་ ཐོན་བཞིན་ཡོདཔ་ལས་ མི་མང་ཟད་འགྲོའི་ གནས་གོང་ཚུ་ རན་ཏོག་ཏོ་མེདཔ་བཟོ་ནི་དང་ མི་སྡེ་དཔལ་འབྱོར་གྱི་གནས་སྟངས་ཚུ་ལུ་ གནོད་སྐྱོན་བཀལ་སྲིད་ནི་མས་ཟེར་ དབང་འཛིན་གྱིས་ བཀོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞི་རྟེན་མཁོ་ཆས་གོང་འཕེལ་ལས་ཁུངས་ཀྱིས་ བསམ་རྩེ་ དམ་དུམ་དང་ ཨ་མོ་ཆུ་ མོ་གཏང་དགའ་ དེ་ལས་ བདེ་སྐྱིད་གླིང་ཚུ་ནང་ ཟུར་བཞག་གི་ལྟེ་བ་ བཟོ་སྐྲུན་འབད་མི་ ཁག་འབགཔ་ཚུ་ལུ་ ཆོག་མིན་གྱི་ དངུལ་ཀྲམ་ས་ཡ་༣.༢༥༦ སྤྲོད་དེ་ཡོདཔ་ཨིན་པས།
དེ་ཡང་ ལས་འགུལ་གྱི་ ས་ཁོངས་ཚུ་ནང་ རྡོ་དཀརཔོ་སྟུག་ཚད་ཨེམ་ཨེམ་༡༢.༥ འབད་མི་ བསྟར་སྤྱོད་མ་འབད་བར་ དངུལ་སྤྲོད་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྕགས་ཀྱི་ཨེ་ཁུག་ལུ་ དངུལ་འཐེབ་དངུལ་ཀྲམ་༤༣༣,༠༠༠ བྱིན་ཏེ་ ཡོདཔ་ཨིན་པས།
མ་གཞི་ མ་དངུལ་དེ་ རྩིས་ཞིབ་བསྐྱར་རྙེད་ རྩིས་ཁྲའི་ནང་བཙུགས་ཡོད་རུང་ ལས་ཁུངས་ཀྱིས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ འོས་ལྡན་གྱི་དང་ལེན་ མ་འབད་བར་ཡོདཔ་སྦེ་ དབང་འཛིན་གྱིས་ ཤེས་རྟོགས་བྱུང་ནུག།
གཞི་རྟེན་མཁོ་ཆས་གོང་འཕེལ་ལས་ཁུངས་ཀྱིས་ བསམ་རྩེ་ དམ་དུམ་ལུ་ ཉལ་ཁྲི་༥༠༠ འབད་མི་ གཏན་འཇགས་ཀྱི་ ཟུར་བཞག་ཁང་ རྐྱབ་པའི་སྐབས་ལུ་ཡང་ རེན་ག་ཊཱར་ཟེར་མི་ འཕྲུལ་ཆས་ལུ་ སྐྱོན་ཡོད་རུང་ ངོས་ལེན་འབད་ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ སྐྱོན་ཡོད་པའི་ འཕྲུལ་ཆས་ངོས་ལེན་འབད་མི་གིས་ སྒྲིང་ཁྱིམ་གྱི་ སྤུས་ཚད་ལུ་ ཐོ་ཕོག་ནི་ཨིནམ་ལས་ དབང་འཛིན་གྱིས་ སྐྱོན་ཡོད་མི་དེ་ དེ་འཕྲོ་ལས་ ཉམས་བཅོས་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
གནད་དོན་གཞན་ཚུ་ཡང་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་ འགྲོ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་ མོང་སྒར་ ཤེས་རི་ཆུ་ལས་ གོང་རི་འཛོམས་ས་ཚུན་གྱི་ ལམ་སེལ་གྱི་དོན་ལུ་ རྒྱལ་མཚན་གྲོས་སྟོན་ལས་སྡེ་གིས་ མཐའ་དཔྱད་ལས་འགུལ་གྱི་ ཁ་གསལ་སྙན་ཞུ་ ཕུལ་ནི་ལུ་ ཕྱིས་སོང་མི་ལུ་ ཕྱིར་འགྱངས་ཀྱི་ ཉེས་ཆད་ དངུལ་ཀྲམ་ས་ཡ་༠.༡༡༥ མ་བཀལ་བར་ ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ཡང་ ལྷུན་རྩེ་དང་ མོང་སྒར་ བུམ་ཐང་ དེ་ལས་ ཀྲོང་གསར་དང་ དབང་འདུས་ལུ་ གློག་ནུས་བསྐྱར་གསོ་ལྟེ་བ་རྐྱབ་ནིའི་དོན་ལུ་ དཀོན་སོམ་བཟོ་སྐྲུན་ལུ་ སྔོན་བྱིན་དངུལ་ཀྲམ་ས་ཡ་༠.༨༥༧ བྱིན་མི་དེ་ ལོག་མ་ཐོབ་པར་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བཟོ་སྐྲུན་གྱི་ལཱ་ནང་ ཁག་འབགཔ་ སངས་རྒྱས་ཨེལ་བཟོ་སྐྲུན་སྒེར་སྡེ་ལུ་སྤྲོད་མི་ གློག་ནུས་བསྐྱར་གསོ་ཁང་(མགར་ས་དང་ རྩི་རང་ དེ་ལས་ དར་དཀར་ནང)གི་ བཟོ་སྐྲུན་གྱི་ལཱ་ཚུ་ ཆ་མེད་བཏང་པའི་སྐབས་ ངེས་བདེན་སྦེ་ བསྐྱར་རྙེད་འབད་དགོ་པའི་ དངུལ་བསྡོམས་ཚུ་ རྩིས་བཏོན་མ་འབད་བར་ ཡོདཔ་ཨིན་པས།
ལཱ་མཇུག་བསྡུ་ མ་ཚུགས་པའི་ལྷག་ལུས་ཀྱི་ བརྒྱ་ཆ་༢༠ དང་འབྲེལ་བའི་ བསྐྱར་རྙེད་ཀྱི་གནས་གོང་རྩིས་བཏོན་འབད་བའི་ ཁ་གསལ་ཚུ་ ག་ནི་མེདཔ་ད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བསྐྱར་རྙེད་འབད་དགོ་པའི་དངུལ་ འབོར་གྱི་ཁ་གསལ་ ངེས་པར་དུ་བཏོན་དགོ་པའི་ ནན་སྐུལ་འབད་དེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༦ པའི་ཚེས་༣༠ ནང་འཁོད་ལུ་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་ལུ་ ཁག་འབགཔ་༤ ལས་ མི་མང་ལཱ་གི་ སྔོན་བྱིན་དངུལ་ཀྲམ་ས་ཡ་༤.༥༣༨ རྩིས་འགྲིག་མ་འབད་བར་ ཡོད་མི་ལུ་བརྟེན་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཚ་ངེར་བཏོན་ཏེ་ རྩིས་སྒྲིག་དང་ ཡང་ཅིན་ མ་དངུལ་ལོག་ལེན་དགོཔ་སྦེ་ རྩིས་ཞིབ་དབང་འཛིན་གྱིས་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
གནད་དོན་ཚུ་ སེལ་ཐབས་ལུ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ རྒྱལ་ཡོངས་བཟོ་གྲྭའི་སྲིད་བྱུས་༢༠༢༠ ཅན་མ་དེ་ ལས་སྡེ་ཚུ་གིས་ བསྟར་སྤྱོད་འབད་མ་འབད་ཀྱི་ དབྱེ་ཞིབ་འབད་དགོཔ་སྦེ་ རྩིས་ཞིབ་དབང་འཛིན་གྱིས་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་སྤུས་ཚད་ལུ་ གནོད་སྐྱོན་རྐྱབ་མི་ འོས་འབབ་མེད་པའི་ བྱ་སྤྱོད་ཚུ་ བཀག་ཐབས་ལུ་ ལས་སྡེ་ཚུ་ གིས་ འཕྲལ་མཁོའི་ཐབས་ལམ་ཅིག་སྦེ་ འགན་ཁུར་འབག་དགོཔ་དེ་ཡང་ ད་ལྟོའི་དཀའ་ངལ་ལུ་དམིགས་ཏེ་ སྤུས་ཚད་འཛིན་སྐྱོང་གི་ འཆར་གཞི་ཚུ་ གཙོ་རིམ་ཅན་གྱི་ཐོག་ལས་ བསྟར་སྤྱོད་འབད་ནི་དང་ དམིགས་བསལ་ གལ་ཅན་གྱི་ ལས་སྣ་ཚུ་ པར་རིས་དང་ གློག་བརྙན་གྱི་ སྒྲུབ་བྱེད་ཚུ་བཞག་དགོ་པའི་ཁར་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལྟ་རྟོག་དང་ ལྟ་བཀོད་ལེགས་ཤོམ་འབད་ནིའི་དོན་ལུ་ པར་ཆས་སི་སི་ཊི་བི་ ལག་ལེན་འཐབ་དགོཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement