༉ རྩིས་ལོ་༢༠༢༢-༢༣ ལུ་ བུམ་ཐང་རྫོང་ཁག་གི་ རྩིས་འཛིན་པ་ཅིག་གིས་ ལྟོ་ཕོགས་ཀྱི་འཐུས་ལས་ དངུལ་ཀྲམ་ས་ཡ་༡.༢༦ ལོག་སྤྱོད་ འབད་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་ཡོངས་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་ འཁྲིལ་བ་ཅིན་ རྩིས་འཛིན་པ་གིས་ འབྱོར་རྟགས་ངོ་མ་དང་ འདྲ་༢ ཆ་ར་ ལག་ལེན་འཐབ་སྟེ་ དངུལ་བྱིན་པའི་ཁར་ ལྟོ་འཐུས་འཐེབ་ཡང་ འཛིན་གྲོལ་འབད་ནུག་ཟེར་ཨིན་པས།

ཆུ་སྨད་སློབ་གྲྭ་ལྟེ་བ་ལུ་ སྤྱི་ལོ་༢༠༢༢ ཟླ་༩ པ་དང་༡༢ པ་གཉིས་ཆ་ར་ལུ་ ལྟོ་འཐུས་ཚར་༢ བྱིན་མི་ནང་ དངུལ་ཀྲམ་བསྡོམས་༦༦༧,༩༦༠ གནས་ཡོདཔ་ཨིན་པས།

མ་དངུལ་ཚར་༢ ཡང་ འབྱོར་རྟགས་ངོ་མ་དང་ འབྱོར་རྟགས་འདྲ་ ལག་ལེན་འཐབ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༢ ཟླ་༡༢ པའི་ནང་ ལྟོ་འཐུས་དངུལ་ཀྲམ་༡༩༨,༨༩༩ འཛིན་གྲོལ་འབད་ཡོད་རུང་ རྫོང་ཁག་བདག་སྐྱོང་གིས་ བདེན་དཔྱད་ཀྱི་དོན་ལུ་ འབྱོར་རྟགས་བཏོན་ནི་མེདཔ་ལས་ ཁྲིམས་དོན་ཐོག་ལས་ ཟད་འགྲོ་ཡོདཔ་སྦེ་ གཏན་འཁེལ་འབད་མ་ཚུགསཔ་ཨིན་པས།

རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༢༣ ཟླ་༢ པ་དང་༣ པའི་ནང་ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་ས་ཡ་༠.༤ དེ་ཅིག་ དངུལ་འཐེབ་བྱིན་ཡོདཔ་ཨིན་པས།

ནང་སྡོད་དང་ ཕྱི་སྡོད་སློབ་ཕྲུག་ཚུ་གི་དོན་ལུ་ ལྟོ་འཐུས་འཛོལ་ཏེ་ ལོགས་སུ་སྦེ་ བྱ་སྒོ་འཐབ་ཡོདཔ་ལས་ མ་དངུལ་འཛིན་གྲོལ་ འཆར་དངུལ་དང་ དངུལ་སྤྲོད་ནི་ཡོད་མི་༢ ཀྱི་བར་ན་ སྟབས་མ་བདེཝ་ཐོན་ཡོདཔ་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ དངུལ་འབྲེལ་ལམ་ལུགས་དང་ ཆེད་དུ་བཀོད་པའི་ དབང་འཛིན་ལས་ དགོས་མཁོ་ཅན་གྱི་ གནང་བ་མེད་པར་ མ་དངུལ་ཚུ་ ཁ་སྒྱུར་བཏང་ཡོདཔ་སྦེ་ དབང་འཛིན་གྱིས་ ཤེས་རྟོགས་བྱུང་ནུག།

ལྟོ་འཐུས་མ་དངུལ་ལས་ དངུལ་ཀྲམ་༥༥༡,༩༩༢ དེ་ དགོངས་ཞུ་སོང་མི་ སློབ་དཔོན་ཚུ་ལུ་ དགོངས་ཞུའི་ཁེ་འཐུས་ བྱིན་ཡོདཔ་ད་ དངུལ་ཀྲམ་༡༨༩,༦༠༠ དེ་ ཐབ་ཤིང་གི་དོན་ལུ་བྱིན་ནི་སྦེ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།

གནད་དོན་དེ་ དབང་འཛིན་གྱིས་ ནོར་བ་ཅིག་སྦེ་ ངོས་ལེན་འབད་ཡོདཔ་བཞིན་དུ་ ལོག་སྤྱོད་འབད་ནི་གི་ བརྡ་མཚོན་ཅིག་ཡང་ བཏོནམ་མས་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་༥༥༡,༩༩༢ དགོངས་ཞུའི་ཁེ་འཐུས་དེ་ འཆར་དངུལ་དཔྱ་བགོ་དང་ བགོ་བཀྲམ་འབད་བའི་ ལྷན་ཐབས་འཆར་དངུལ་ཚུ་ སྒོ་བསྡམ་པའི་ཤུལ་ལས་ མཐའན་མཇུག་ཁར་ བདེ་སྒྲིག་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།

ཐབ་ཤིང་མ་དངུལ་ཐད་ལུ་ རྫོང་ཁག་བདག་སྐྱོང་གིས་ བཀོད་མིའི་ནང་ ཐབ་ཤིང་གི་དངུལ་ཚུ་ མ་བཏབ་པར་ ཡུན་རིངམོ་སོང་མི་ལུ་བརྟེན་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ ཉོགས་བཤད་བཀོད་ཡོདཔ་ལས་ ཐབ་ཚང་དང་འབྲེལ་བའི་ ཟད་འགྲོ་ཅིག་སྦེ་ བྱིན་ཡི་ཟེར་ཨིན་པས།

དབང་འཛིན་གྱིས་ ཆུ་སྨད་སློབ་གྲྭ་ལྟེ་བའི་ ཟ་སྤྱོད་ཁང་བདག་འཛིན་པ་དང་ དྲི་དཔྱད་འབད་བའི་སྐབས་ སློབ་གྲྭའི་རྩིས་ཁྲ་ནང་ མ་དངུལ་འཐེབ་བཙུགས་ཡོདཔ་སྦེ་ གཏན་འཁེལ་འབད་ནུག།

རྩིས་འཛིན་པ་ལས་ བཀོད་རྒྱ་དང་འཁྲིལ་ ཟ་སྤྱོད་ཁང་བདག་འཛིན་པ་གིས་ ཏི་རུ་འཐེབ་འོང་མི་དེ་ ལོག་དངུལ་རྐྱང་སྦེ་ བྱིན་ཡོདཔ་ད་ ཤུལ་ལས་ དབང་འཛིན་གྱི་ སླར་ལོག་རྩིས་ཁྲ་ནང་ བཙུགས་ཡོདཔ་ཨིན་པས།

དབང་འཛིན་གྱིས་ བཀོད་མིའི་ནང་ རྩིས་འཛིན་པ་གིས་ དོན་ཆེད་སྦེ་ར་ མ་དངུལ་ཚུ་ འཐེབ་སྤྲོད་ནུག་ཟེར་ཨིན་པས།

མ་གཞི་ ལོག་སྤྱོད་འབད་མི་ མ་དངུལ་ག་ར་ ལོག་ཐོབ་ཡོད་རུང་ ཞིབ་རྟོག་དང་འཁྲིལ་བ་ཅིན་ གཡོ་སྒྱུ་འབད་བའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།

གནད་དོན་དེ་ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement