༉ དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༥-༢༦ གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ཐེར་འབུམ་༡༠༩.༣༥ བགོ་བཀྲམ་འབད་ཡོད་མི་དེ་ འཆར་གཞི་༡༣ པའི་ ལོ་ངོ་༢ པའི་དོན་ལུ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༢༥-༢༦ གི་ རྩིས་ལོའི་དོན་ལུ་ ལྷན་ཁག་གིས་ འཆར་དངུལ་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ཨིན་པས།
འཆར་གཞི་༡༣ པའི་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༡.༥ པོ་དེ་ གསར་སྒྲུབ་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༣.༧༩ དང་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༥.༥༦ ཨིན་པས།
ལྷན་ཁག་གི་ འཆར་གཞི་དང་འཁྲིལཝ་ད་ ལོ་དེ་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༨༩.༣༥ ཡོད་ས་ལས་ དངུལ་ཀྲམ་ཐེར་འབུམ་༦༧.༢༨ ནང་འཁོད་འོང་འབབ་ལས་དང་ དངུལ་ཀྲམ་ཐེར་འབུམ་༢༢.༠༧ ཕྱིའི་གྲོགས་རམ་ལས་ཨིན་པས།
རྩིས་ལོ་༢༠༢༥-༢༦ གི་ འཆར་དངུལ་མ་དངུལ་དེ་ རྩིས་ལོ་༢༠༢༤-༢༥ འི་ འཆར་དངུལ་དང་ཕྱདཔ་ད་ བརྒྱ་ཆ་༡༢ ཡར་སེང་སོང་ཡོདཔ་ད་ རྩིས་ལོ་༢༠༢༤-༢༥ ལུ་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༩༧.༦༣ བགོ་བཀྲམ་འབད་མི་དེ་ཡང་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༠.༨༡ དང་ གསར་སྒྲུབ་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༣༨.༣༢ ཨིན་པས།
རྩིས་ཆད་དེ་ གཞུང་གི་ ཡོངས་བསྡོམས་འོང་འབབ་དང་ ཡོངས་བསྡོམས་ཟད་འགྲོའི་བར་ན་ ཁྱད་པར་ཆགས་མི་དེ་ སྐྱིན་འགྲུལ་ལེན་ཐོག་ལས་ བསུབ་དགོཔ་བཞིན་དུ་ རྩིས་ལོ་༢༠༢༥-༢༦ གི་རྩིས་ལོའི་ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༥.༨༥ ལུ་གནས་པའི་རེ་བ་ཡོདཔ་ད་ དེ་ཡང་ དངུལ་ཀྲམ་ཐེར་འབུམ་༢༠ འདྲན་འདྲ་ཨིན་པས།
གཞུང་གིས་ རྩིས་ཆད་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཕྱི་དང་ ནང་འཁོད་ལས་ སྐྱིན་འགྲུལ་ལེན་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལྷན་ཁག་གིས་ ཡུན་བརྟན་རྩིས་ཆད་འཛིན་སྐྱོང་ལུ་ གཙོ་རིམ་བཟུང་སྟེ་ གསར་སྒྲུབ་གྲོས་འཆར་ཚུ་ ལེགས་ཤོམ་བརྩམ་དགོཔ་སྦེ་ གསལ་སྟོན་འབད་ཡོདཔ་མ་ཚད་ འཆར་དངུལ་གྱི་ཐད་ཁར་ ལས་སྡེ་ཚུ་གི་དོན་ལུ་ འཆར་དངུལ་གྱི་ཚད་གཞི་ཚུ་ཡང་ བཟོ་དགོཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ལྷན་ཁག་གིས་ བློན་པོ་ཚུ་དང་ ལས་སྡེའི་འགོ་འཛིན་ཚུ་ལུ་ ལས་རིམ་གྱི་གཙོ་རིམ་དང་ ཐོན་ཁུངས་ཚུ་ དབྱེ་ཁག་བཟོ་ནི་དང་ འགན་ཁུར་འབག་ནི་ལུ་ འཆར་དངུལ་བཟོ་ནིའི་བྱ་རིམ་ནང་ གྲལ་གཏོགས་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ སྙན་ཞུ་དང་འཁྲིལཝ་ད་ འཆར་དངུལ་གྲོས་འཆར་ཚུ་ནང་ ལོ་བསྟར་ལཱ་གི་འཆར་གཞི་ཅིག་ དགོཔ་སྦེ་ཨིནམ་ད་ འཆར་གཞི་དེ་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༧ གྱི་ནང་འཁོད་ ལྷན་ཁག་ལུ་ ཕུལ་དགོཔ་སྦེ་ཨིནམ་ད་ རྩིས་ལོ་༢༠༢༥-༢༦ གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་དང་གཅིག་ཁར་ གྲོས་འཆམ་ཡོད་པའི་ གྲུབ་འབྲས་དང་ ལཱ་གི་གྲུབ་འབྲས་བརྡ་སྟོན་ཚུ་ གསལ་སྟོན་འབད་དགོཔ་ཨིན་པས།
ལས་སྡེ་ཚུ་གིས་ འཆར་དངུལ་གྱི་ གྲོས་འཆར་ཚུ་ སྤྱི་ཟླ་༣ པའི་ཚེས་༡༥ འི་ནང་འཁོད་ལུ་ ཕུལ་དགོཔ་སྦེ་ཨིནམ་ད་ དེ་ཡང་ འཆར་དངུལ་བཟོ་ནི་གི་ ལམ་སྟོན་ཚུ་དང་འཁྲིལ་དགོཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ གཞུང་སྐྱོང་ལས་སྡེ་ཚུ་ལུ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ རྩིས་ཆད་ཚུ་ མར་ཕབ་འབད་ཐབས་ལུ་ འཆར་དངུལ་གྱི་ གྲོས་འཆར་ཚུ་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ད་ ལས་འགུལ་དང་ ལས་སྣ་ཚུ་ནང་ དཔལ་འབྱོར་དང་ མི་སྡེ་ལུ་ ཕན་ཐོགས་མེད་པ་ཅིན་ གྲོགས་རམ་བྱིན་མི་ལས་འགུལ་ཚུ་བརྩིས་ཏེ་ ཁུངས་ལྡན་བཟོ་དགོཔ་ཨིན་པས།
ལྷན་ཁག་གིས་ རྩིས་ལོ་༢༠༢༥-༢༦ ནང་ འོང་འབབ་ཡར་སེང་བཟོ་ཚུགས་མི་ ལས་སྡེ་ཚུ་ལུ་ སེམས་ཤུགས་བྱིན་ནིའི་དོན་ལུ་ ལས་རིམ་གསརཔ་ཅིག་ འགོ་བཙུགས་ཡོདཔ་ད་ གྲུབ་འབྲས་ཅན་གྱི་ ལས་སྡེ་ཚུ་གིས་ རྩིས་ལོ་དེ་ནང་ རྒྱུན་སྐྱོང་འཆར་དངུལ་བགོ་བཀྲམ་ འཐོབ་ཚུགས་ནི་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ ལས་རིམ་དེ་ ཤེས་ཡོན་ཅན་གྱི་ ཚོང་འབྲེལ་ལས་ཁུངས་ལུ་ བརྩོན་ཤུགས་བསྐྱེད་ནི་གི་ དམིགས་གཏད་ཡོད་མི་ གཞི་སྒྱུར་བཅོས་ལས་རིམ་གྱི་ ཆ་ཤས་ཅིག་ཨིན་ཟེར་ཨིན་པས།
དེ་དང་བསྟུན་ འཆར་དངུལ་ལས་སྡེ་ཚུ་གིས་ ད་ལྟོའི་ ལག་ལེན་བཟོ་བཀོད་ཚུ་ བསྐྱར་ཞིབ་འབད་དགོཔ་མ་ཚད་ ཡུན་བརྟན་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ ཚོང་འབྲེལ་གསར་བཏོད་ཚུ་གི་དོན་ལས་ གོ་སྐབས་གྲོས་འཆར་ཚུ་ བཀོད་དགོཔ་ཨིན་པས།
འཆར་དངུལ་ལས་སྡེ་ཚུ་གི་དོན་ལུ་ གསར་སྒྲུབ་འཆར་དངུལ་ཚད་གཞི་དེ་ ཕྱིའི་མ་དངུལ་བརྩིས་ཏེ་ འཆར་གཞི་༡༣ པའི་ འཆར་དངུལ་གྱི་ བརྒྱ་ཆ་༢༠ དེ་ཅིག་ ཨིན་པས།
ལྷན་ཁག་གིས་ འཆར་དངུལ་ལས་སྡེ་ཚུ་ལུ་ གོང་འཕེལ་མཉམ་རོགས་ཚུ་གིས་ མ་དངུལ་བྱིན་མི་ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ གནང་བ་ཅན་གྱི་ ལས་འགུལ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ འཕྲལ་མགྱོགས་ལག་ལེན་འཐབ་དགོ་པའི་ དྲན་གསོ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྐྱེན་ངན་གྱིས་ གནོད་སྐྱོན་རྐྱབ་མི་ མི་མང་གི་མཐུན་རྐྱེན་ཚུ་ ཉམས་གསོ་དང་ ལོག་བཟོ་སྐྲུན་འབད་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ དེ་ཡང་ ཚད་གཞི་བཟོ་མི་དང་བསྟུན་ གཙོ་རིམ་བཟུང་ནི་ཨིན་པས།
ཡིག་ཚང་གི་ སྒྲིང་ཁྱིམ་གསརཔ་རྐྱབ་ནིའི་ གྲོས་འཆར་ཚུ་ བཀག་འཛིན་འབད་ནི་ཨིནམ་ད་ དེ་ཚུ་ ཕྱིའི་གྲོགས་རམ་མ་དངུལ་གྱིས་ རྒྱབ་སྐྱོར་འབད་མི་དང་ དགོས་མཁོའི་བརྟག་ཞིབ་ ཡོངས་རྫོགས་མ་འབད་ཚུན་ བཀག་འཛིན་འབད་ནི་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ གློ་བུར་གཙོ་རིམ་གཞན་ཚུ་གི་དོན་ལུ་ འཆར་དངུལ་གྱི་ གོ་སྐབས་བཟོ་ཐབས་ལུ་ སྣུམ་འཁོར་མཁོ་སྒྲུབ་འབད་ནི་ཚུ་ འཕྲོ་མཐུད་དེ་ར་ ཁུངས་ལྡན་འབད་འོང་ཟེར་ཨིནམ་ད་ ཁག་ཆེ་བའི་ སྣུམ་འཁོར་ཚབ་བཙུགས་འབད་ནི་དེ་ ནད་པའི་སྣུམ་འཁོར་དང་ སློབ་གྲྭའི་བཱསི་ མེ་བསད་སྣུམ་འཁོར་ དེ་ལས་ ཕྱགས་སྙིགས་སྣུམ་འཁོར་ལ་སོགས་པ་ཚུ་ལུ་ དམིགས་བསལ་གྱི་གནང་བ་ཚུ་ དགོཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།