༉ དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ རྩིས་ལོ་༢༠༢༤-༢༥ ལུ་ ཁྲལ་ལུ་བརྟེན་ འོང་འབབ་བརྒྱ་ཆ་༥.༨༢ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༢.༠༤ ལུ་ ཚོད་དཔག་འབད་ཡོདཔ་ཨིན་པས།
ཁྲལ་དེ་གིས་ ནང་འཁོད་འོང་འབབ་ལུ་ དངུལ་ཀྲམ་ཐེར་འབུམ་༣༧.༠༨ ཕན་ཐབས་འབད་ནི་ཨིནམ་ད་ འདས་པའི་རྩིས་ལོའི་ནང་ ཁྲལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༣༥.༠༤ བཟོ་ཡོདཔ་ཨིན་པས།
ཁྲལ་དང་ཁྲལ་མིན་གྱི་ འོང་འབབ་ཡར་སེང་འབད་མི་དེ་གིས་ ནང་འཁོད་འོང་འབབ་ ཡར་འཕར་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་དང་ རྩིས་ལོ་༢༠༢༤-༢༥ ལུ་ དངུལ་ཀྲམ་ཐེར་འབུམ་༥༥.༤༩ ཚོད་རྩིས་བཏོན་ཡོདཔ་ད་ འདས་པའི་ལོ་ནང་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༤༥.༧༥ ལས་བརྒལ་ དམིགས་གཏད་མ་བསྐྱེདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༥-༢༦ དང་ རྩིས་ལོ་༢༠༢༦-༢༧ ལུ་ ཁྲལ་གྱི་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༤༤.༥༣ དང་ དངུལ་ཀྲམ་ཐེར་འབུམ་༤༧.༧༢ དེ་རེ་ བཟོ་ནི་གི་ ཚོད་དཔག་འབད་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༣-༢༤ ལུ་ ལས་འཛིན་ཁྲལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༡༡.༩༦ བཟོ་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༤ དེ་ཅིག་ ཡར་འཕར་སོང་ཡོདཔ་ད་ ད་རེས་ཀྱི་རྩིས་ལོ་ནང་ དངུལ་ཀྲལ་ཐེར་འབུམ་༡༡.༩༡ བཟོ་ནི་གི་ ཚོད་རྩིས་བཏོན་ཏེ་ ཡོདཔ་ཨིན་པས།
རང་སོའི་འོང་འབབ་ཁྲལ་དང་ ཚོང་འབྲེལ་འོང་འབབ་ཁྲལ་དེ་ཡང་ ད་ལྟོའི་རྩིས་ལོ་ནང་ དངུལ་ཀྲམ་ཐེར་འབུམ་༣ དང་ དངུལ་ཀྲམ་ཐེར་འབུམ་༡.༨༣ དེ་ཅིག་ ཡར་འཕར་འགྱོ་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱུ་དངོས་ཁྲལ་དེ་ འདས་པའི་ལོ་ནང་ དངུལ་ཀྲམ་ས་ཡ་༧༠༩.༢༧ ལས་བརྒལ་ བསྡུ་ལེན་མ་འབད་རུང་ ད་རེས་ཀྱི་རྩིས་ལོ་ནང་ དངུལ་ཀྲམ་ས་ཡ་༧༧༢.༠༣ དེ་ཅིག་ ཡར་འཕར་འགྱོ་ནི་སྦེ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
འབྲུག་གི་རྒྱུ་དངོས་ཁྲལ་བཅའ་ཁྲིམས་༢༠༢༢ ཅན་མའི་འོག་ལུ་ གཞུང་གིས་ སྤྱི་ལོ་༢༠༢༢ ལུ་ ས་དང་ སྒྲིང་ཁྱིམ་གྱི་ཁྲལ་དེ་ ཁྲལ་བཏབ་དགོ་པའི་གནས་གོང་གི་ ས་དང་ སྒྲིང་ཁྱིམ་ལུ་ ཁྲལ་བརྒྱ་ཆ་༠.༡ ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
ཅ་ཆས་དང་ ཞབས་ཏོག་གི་ཁྲལ་ནང་ཚུད་མི་ བཙོང་ཁྲལ་དང་ ནང་ཁྲལ་དང་ཅ་ཁྲལ་ དེ་ལས་ སྔོ་ལྗང་གི་ཁྲལ་ཚུ་གིས་ ཁྲལ་གྱི་འོང་འབབ་ལུ་ དངུལ་ཀྲམ་ཐེར་འབུམ་༡༠.༦༤ དང་ སྤྱོད་ཁྲལ་ལས་ དངུལ་ཀྲམ་ཐེར་འབུམ་༧.༥ དེ་ལས་ ཅ་དམ་གྱི་ཁྲལ་ དངུལ་ཀྲམ་ས་ཡ་༧༥༢.༨༡ ཕན་འདེབས་ འབད་ཚུགས་ནི་ཨིན་པས།
ཁྲལ་འོང་འབབ་དེ་གིས་ སྤྱི་ལོ་༢༠༢༤ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་༡༢.༣ དང་ སྤྱི་ལོ་༢༠༢༥ ལུ་ བརྒྱ་ཆ་༡༣ ལྷན་ཐབས་འབད་ནི་ཨིན་མི་དེ་ཡང་ འཛམ་གླིང་དངུལ་ཁང་གི་ ཚད་གཞི་ལས་ བརྒྱ་ཆ་༡༥ དམའཝ་སྦེ་ འོང་ནི་ཨིན་པས།
འབྲུག་གི་ཁྲལ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཆ་ཚད་དེ་ ཨེ་ཤི་ཡཱ་དང་ པེ་སི་ཕིག་རྒྱལ་ཁབ་ནང་ སྤྱིར་སྙོམས་ལུ་ བརྒྱ་ཆ་༡༩ དང་ དཔལ་འབྱོར་མཉམ་འབྲེལ་དང་གོང་འཕེལ་རྒྱལ་ཁབ་ཀྱི་ ལས་ཚོགས་ཚུ་གི་བར་ན་ སྤྱིར་སྙོམས་ལུ་ བརྒྱ་ཆ་༣༣༥ བཞག་མི་༢ ལས་ ཉུང་སུ་སྦེ་ ཡོདཔ་ཨིན་པས།
ཁྲལ་དང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཆ་ཚད་ཀྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཐོན་སྐྱེད་ཚུ་ གཞུང་གིས་ ག་དེ་སྦེ་ འཇོན་ཐངས་ཅན་ཅིག་སྦེ་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་ནའི་ ཐབས་ལམ་ཚུ་ བཏོན་ཏོ་ཡོདཔ་ཨིན་པས།
འཛམ་གླིང་དངུལ་ཁང་དང་འཁྲིལ་བ་ཅིན་ ཁྲལ་ཚུ་ ཚད་གཞི་དེ་གི་འོག་རྒྱུ་ལས་ བསྡུ་ལེན་འབད་མི་ རྒྱལ་ཁབ་ཚུ་གིས་ མི་སེར་དང་ ཚོང་འབྲེལ་འཐབ་མི་ཚུ་གི་ དགོས་མཁོ་འགྲུབ་ནི་ལུ་ འོང་འབབ་བཟོ་ནི་ལུ་ ལྷན་ཐབས་འབད་དགོ་ཟེར་ཨིན་པས།
ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གོང་འཕེལ་སོང་བའི་ རྒྱལ་ཁབ་མང་རབས་ཅིག་གིས་ ཁྲལ་གཞི་རྟེན་ཚད་ཅིག་ལས་བརྒལ་མེད་མི་དང་ སྤྱིར་བཏང་ ཁྲལ་བདག་སྐྱོང་ལྕོགས་གྲུབ་མེད་མི་ལུ་བརྟེན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་བརྒྱ་༡༥ འགྲུབ་ནི་ལུ་ ལཱ་ཁག་བཏང་ཡོདཔ་ལས་ འཛམ་གླིང་ནང་ ཡུན་བརྟན་གོང་འཕེལ་གཏང་ནི་ལུ་ དཀའ་ངལ་ཅིག་སྦེ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།
ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ནང་འཁོད་ཐོན་སྐྱེད་འཚོལ་སྒྲུབ་ཡར་དྲག་དང་ ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་འགྲུབ་ནི་དང་ དངུལ་ཁུངས་ཡུན་བརྟན་བར་མ་གོང་འཕེལ་གཏང་ནི་དེ་ གལ་ཅན་ཨིནམ་སྦེ་ བཤད་དེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།