༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་སྦེ་ ཨེ་ཨེཕ་སི་ཅ་ལེནཇི་ལིག་སྡེ་ཚན་གྱི་ ཕུཊ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་མི་དང་བསྟུན་ འབྲུག་གིས་ རྩེད་རིགས་ལུ་ སྤྲོ་བ་བསྐྱེད་མི་དེ་ ཡར་སེང་འགྱོ་རུང་ རིག་རྩལ་ཅན་གྱི་ གསལ་བཤད་འབད་མི་མེདཔ་ཨིན་པས།
རྩེད་རིགས་ཀྱི་གནས་སྟངས་ ཡར་དྲག་སོང་མི་དང་བསྟུན་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་ནང་ དྲག་ཤོས་འཐོན་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ མི་ཚུ་གིས་ ཕན་ནུས་ཅན་གྱི་ གསལ་བཤད་འབད་མི་དགོཔ་སྦེ་ བཀོད་དོ་ཡོདཔ་ཨིན་པས།
མང་ཤོས་ཅིག་གིས་ སླབ་མིའི་ནང་ དེ་གིས་ བལྟ་མི་ཚུ་གི་ཉམས་མྱོང་ ཡར་དྲག་གཏང་ནི་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ནང་ རྩེད་རིགས་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གསལ་བཤད་འབད་མི་ཚུ་གིས་ ས་ཐག་རིང་ས་དང་ དངོས་མཐོང་སྦེ་ ལྟ་མི་ཚུ་གི་བར་ན་ ཁྱད་པར་བཟོ་ཚུགས་ནི་ཨིན་པའི་ཁར་ ལྟདམོ་ལྟ་མི་ཚུ་གི་ ཉམས་མྱོང་ལྷན་ཐབས་འབད་ཚུགས་ནི་མ་ཚད་ རྩེད་རིགས་ནང་ འབྲེལ་འཛིན་ཅན་དང་ གོ་སྐབས་མངམ་ བཟོ་ཚུགས་ནི་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༦ ལས་ ཟླ་༡༡ པའི་ཚེས་༡ ཚུན་ འགོ་འདྲེན་འཐབ་མི་དེ་ ཨེ་ཨེཕ་སི་ཅ་ལེནཇི་ལིག་སྡེ་ཚན་གྱི་ ཕུཊ་བཱོལ་འགྲན་བསྡུར་དེ་ འབྲུག་ལུ་ འགོ་དང་པ་ཨིནམ་ད་ དེ་ནང་ ནེ་པཱལ་ལས་ རྩེད་རིགས་ཀྱི་ གསལ་བཤད་པ་ ཨ་བཱཤི་ གི་མི་རི་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ཞུ་དག་འབད་མི་ ཤེས་རབ་རྡོ་རྗེ་༢ ཀྱིས་ གསལ་བཤད་འབད་ཡོདཔ་ཨིན་པས།
ཨ་བཱཤི་ གི་མི་རི་གིས་ ནེ་པཱལ་སུ་པར་ལིག་དང་ ནེ་པཱལ་གྱི་འཛམ་གླཞིང་རྒྱལ་རྟགས་མཐར་འཁྱོལ་རྩེད་འགྲན་ནང་ གསལ་བཤད་པ་སྦེ་ ལཱ་འབད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཨེ་ཨེཕ་སི་ཅའི་ལེན་ལིག་གི་ ཕུཊ་བཱོལ་འགྲན་བསྡུར་ནང་ གསལ་བཤད་འབད་མི་དེ་ ལཱ་ཁག་ཅན་ཅིག་ཡོད་རུང་ ཉམས་མྱོང་ལེ་ཤ་ ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ རྩེད་རིགས་གསལ་བཤད་པ་སྦེ་ སྤྱི་ལོ་༢༠༡༨ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ལིག་རྩེད་འགྲན་ནང་ གསལ་བཤད་པ་འབད་མི་གིས་ ཉམས་མྱོང་ཚུ་ ཐོབ་ཡོདཔ་ད་ ང་བཅས་ཀྱིས་ རྒྱང་མཐོང་ཊི་བི་ནང་ ཕུཊ་བཱོལ་རྩེད་འགྲན་བལྟ་སྟེ་ ཁྱད་རིག་ཅན་གྱི་ གསལ་བཤད་པ་ཚུ་ ཉན་མི་དང་ རྩེད་འགྲན་ནང་ རང་གི་སྐད་ཐོན་མི་༢ ཀྱི་བར་ན་ ཁྱད་པར་སྦོམ་འདུག་ཟེར་ཨིན་པས།
ཕུཊ་བཱོལ་གྱི་ སྤུས་ཚད་དང་ རྩེད་ཐང་གི་གནས་སྟངས་ དེ་ལས་ ཡོངས་འབྲེལ་ཐོག་ལས་ ལྟདམོ་བལྟ་མི་ཐད་ལུ་ ཁོ་གིས་འབད་བ་ཅིན་ ཉམས་མྱོང་ཐོབ་ཡོད་པའི་ཁར་ ཕུཊ་བཱོལ་ཤེས་ཡོན་ བརྟག་དཔྱད་འབད་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཤེས་རབ་རྡོ་རྗེ་དེ་ རྩེད་འགྲན་ནང་ གསལ་བཤད་འབད་མི་ འགོ་དང་པ་མེནམ་ད་ ཁོ་གིས་ ཧེ་མ་ འབྲུག་ལུ་ སཕ་རྩེད་འགྲན་དང་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ ཀི་རི་ཀེཊ་འགྲན་བསྡུར་ནང་ཡང་ གསལ་བཤད་འབད་ནུག།
ཤེས་རབ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ འགོ་བཙུགསཔ་ཅིག་ཨིནམ་ད་ གྲ་སྒྲིག་ལེགས་ཤོམ་འབད་མི་དང་འབྲེལ་ ང་བཅས་རའི་ གསལ་བཤད་པ་དེ་ ཡར་དྲག་དང་ འབྲེལ་འཛིན་མངམ་འགྱོ་འོང་ཟེར་ཨིན་པས།
དེ་གི་དམིགས་ཡུལ་ འགྲུབ་ཐབས་ལུ་ འབྲུག་ཕུཊ་འབྲེལ་ཚོགས་སྡེ་གིས་ སློབ་སྟོན་པ་འཁྱིད་འོང་ནི་ ལས་རིམ་ཡོདཔ་ད་ འབྲུག་ལུ་ རྩེད་རིགས་ནང་ གསལ་བཤད་པ་ལག་ལེན་འཐབ་ནི་ལུ་ རིག་རྩལ་གོང་འཕེལ་གཏང་ནི་ལུ་ གོ་སྐབས་མངམ་བྱིན་དགོཔ་ འདུག་ཟེར་ཨིན་པས།
དངོས་མཐོང་ཐོག་ལས་ རྩེད་རིགས་གོང་འཕེལ་གཏང་ནི་གི་ འོས་འབབ་དང་ དངོས་མཐོང་ཡར་དྲག་གཏང་ནི་ཐད་ལུ་ ཨ་བཱཤི་ གི་མི་རི་གིས་ སླབ་མིའི་ནང་ ད་རེས་ འབྲུག་ལུ་ རྩེད་རིགས་གསལ་བཤད་ལེ་ཤ་མེད་རུང་ ཡོད་མི་ཚུ་གིས་ ལེགས་ཤོམ་སྦེ་ གསལ་བཤད་འབད་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཔེར་ན་ ཤེས་རབ་རྡོ་རྗེ་གིས་ གསལ་བཤད་ལེགས་ཤོམ་ འབད་ཚུགས་དོ་ཡོདཔ་ལས་ ཁོ་ལུ་ རྒྱལ་སྤྱི་ནང་ཡང་ འབད་ཚུགས་པའི་ ལྕོགས་གྲུབ་འདུག་ཟེར་ཨིན་པས།
གསལ་བཤད་པ་དེ་ རྐང་རྩེདཔ་དང་ སྤྲོ་བ་བསྐྱེད་མི་ཚུ་གི་བར་ན་ ཟམ་བཟུམ་ཅིག་ཨིནམ་ད་ གསལ་བཤད་པ་༢ ཀྱིས་ རེ་བ་འགྲུབ་ནིའི་དོན་ལུ་ ལཱ་འགན་སྦོམ་ཅིག་སྦེ་ ངོས་ལེན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement