༉ རྫོང་ཁ་ལྷབ་ནི་དེ་ རང་སོའི་སྤྲོ་བ་ཅིག་ཨིནམ་ད་ གལ་སྲིད་ ཉིན་བསྟར་བཞིན་དུ་ སླབ་སྦྱང་དང་ འབྲི་བ་ཅིན་ རྫོང་ཁ་མ་ཤེས་པའི་ དཔེ་མི་སྲིད་ནི་ཨིན་པས།
རྫོང་ཁ་དེ་ རྒྱབ་ཁར་བཞག་སྟེ་ དམིགས་བསལ་དུ་ ཁྲོམ་ཁ་ལས་ཕར་ ཨིང་སྐད་སླབ་ནི་ དར་ཁྱབ་སྦོམ་སྦེ་ར་ སོང་ཡོདཔ་ཨིན་པས།
ཨིང་སྐད་ལེགས་ཤོམ་སྦེ་ སླབ་པ་ཅིན་ མི་ཚུ་གིས་འབད་རུང་ ཤེས་ཡོན་ཅན་སྦེ་ བརྩི་འཇོག་དང་ ངོས་ལེན་འབད་དོ་ཡོད་རུང་ རྫོང་ཁ་ལེགས་ཤོམ་ སླབ་མི་ཚུ་ལུ་ ངོས་འཛིན་འབད་མི་མེདཔ་ཨིན་པས།
གནད་དོན་དེ་ཡང་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་ ལོ་བསྟར་བརྡ་བརྒྱུད་ཀྱི་ ཞལ་འཛོམས་སྐབས་ དོན་ཚན་གཙོ་ཅན་ཅིག་ཨིནམ་བཞིན་དུ་ གནད་དོན་དེའི་ཐོག་ལུ་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ བརྡ་བརྒྱུདཔ༌ཚུ༌གི༌ འགན་ཁུར་སྐོར་ གྲོས་བསྡུར་རྒྱས་པར་ འབད་ཡོདཔ་ཨིན་པས།
བརྡ་བརྒྱུདཔ་མང་ཤོས་ཅིག་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་ཡོད་ལུགས་བཤད་ཡོད་རུང་ འགན་ཁུར་དེ་ བརྡ་བརྒྱུདཔ་རྐྱངམ་གཅིག་ལུ་ བཞག་ནི་མི་འོང་ནི་དང་ བརྡ་བརྒྱུདཔ་ཚུ་གིས་ འགྱུར་བ་དང་ བསྒྱུར་བཅོས་ཚུ་ རང་སོའི་ཁྱིམ་ནང་ལས་ འོང་དགོཔ་བཞིན་དུ་ ཨ་ལུ་ཚུ་གིས་ འགོ་དང་པ་ ཁ་སྐད་ཚུ་ ལྷབ་སྦྱང་འབད་དོ་ ཡོདཔ་ཨིན་པས།
ད་རེས་ནངས་པར་ བརྡ་བརྒྱུད་ཀྱི་གནས་སྟངས་ནང་ རྫོང་ཁ་ལུ་ གཙོ་བོར་བཏོན་ནི་དེ་ མར་བབས་འགྱོ་དོ་ཡོདཔ་སྦེ་ གསལ་སྟོན་འབད་དོ་ཡོད་མི་དེ་ཡང་ རྒྱལ་ཁབ་ནང་ གནས་ཚུལ་ལས་ཁང་༧ ཡོད་པའི་གྲས་ལས་ ད་རེས་ ཀུན་གསལ་དང་ རྒྱལ་སྤྱི་གསར་ཤོག་རྐྱངམ་གཅིག་གིས་ རྫོང་ཁ་གནས་ཚུལ་ པར་སྐྲུན་འབད་དོ་ཡོདཔ་ད་ འབྲུག་ཚོང་འབྲེལ་གནས་ཚུལ་ལས་ཁང་གིས་ བདུན་ཕྲག་རེ་ནང་ ཨིང་སྐད་ཀྱི་ གསར་ཤོག་ནང་ རྫོང་ཁའི་གནས་ཚུལ་ ཤོག་ལེབ་༡ པར་སྐྲུན་འབད་དོ་ཡོདཔ་ཨིན་པས།
ཨིང་སྐད་དེ་ དར་ཁྱབ་ཆེ་སུ་ཅིག་ ཡར་འཕར་སོང་སྟེ་ཡོདཔ་ལས་ གནས་ཚུལ་ལས་ཁང་ མང་ཤོས་ཅིག་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ རྫོང་ཁ་གོང་འཕེལ་ནི་གི་ དམིགས་ཡུལ་འགྲུབ་ནི་ལུ་ དངུལ་འབྲེལ་དང་འབྲེལ་བའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ གདོང་ལེན་གྱི་ གནད་དོན་གཙོ་གཅིགཔོ་དེ་ བརྡ་བརྒྱུད་གནས་ཚུལ་ཚུ་གི་ དམིགས་ཡུལ་དེ་ རྒྱལ་ཡོངས་ནང་ བརྡ་དོན་སྤེལ་ནི་ཨིན་རུང་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
གནས་ཚུལ་ལས་ཁང་ མང་ཤོས་ཅིག་གིས་ གཞུང་གི་ཁྱབ་བསྒྲགས་ལུ་ བརྟེན་སྡོད་དོ་ཡོད་རུང་ ཁྱབ་བསྒྲགས་མང་ཤོས་ཅིག་ ཨིང་སྐད་ནང་ པར་སྐྲུན་འབད་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ དཔལ་འབྱོར་དང་ མི་མང་འབྲེལ་འཛིན་༢ ཆ་རའི་ཐོག་ལས་ ཨིང་སྐད་ལུ་ བརྩི་མཐོང་སྦོམ་ཅིག་ བསྐྱེད་དོ་ཡོདཔ་ཨིན་པས།
སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་གཙོ་འཛིན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མི་མང་ཤོས་ཅི་གིས་ འབྲི་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་བཞིན་དུ་ རྫོང་ཁའི་ཡིག་སྡེབ་ གཅིག་མཚུངས་མེད་མི་དེ་ གདོང་ལེན་སྦོམ་ཅིག་ ཨིན་ཟེར་ཨིན་པས།
རྫོང་ཁ་གི་ ཡིག་སྡེབ་གཅིག་མཚུངས་ལམ་སྟོན་བཟོ་ནི་ལུ་ ལས་ཁུངས་ཀྱིས་ བརྡ་བརྒྱུད་ལས་ཁང་ཚུ་དང་ ལཱ་འབད་དོ་ཡོདཔ་ད་ ལས་ཁུངས་ཀྱིས་ ཨིང་སྐད་བཟུམ་སྦེ་ ཡོངས་འབྲེལ་ཐོག་ རྫོང་ཁ་གི་ ཡིག་སྡེབ་དབྱེ་ཞིབ་འབད་ནི་གི་ ཅ་ཆས་ཅིག་ཡང་ བཟོ་བའི་བསྒང་ ཡོདཔ་བཞིན་དུ་ དེ་གིས་ ཌི་ཇི་ཊཱལ་ཐོག་ལས་ ཁ་སྐད་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཀུན་གསལ་གྱི་ རྩོམ་སྒྲིག་འགོ་དཔོན་འོགམ་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ བརྡ་བརྒྱུད་ཐོག་ལས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ལག་ལེན་གཅིག་མཚུངས་མེད་མི་དེ་གིས་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ འབྲུག་མི་མང་ཤོས་ཅིག་གིས་ རྫོང་ཁ་ལས་ ཨིང་སྐད་ལུ་ ཤུགས་བཏོན་དོ་ཡོདཔ་ལས་ རྒྱལ་ཡོངས་ཁ་སྐད་ལུ་ རྒྱབ་སྐྱོར་ཡང་ ལེགས་ཤོམ་ཅིག་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་ཚོང་འབྲེལ་གནས་ཚུལ་ལས་ཁང་གི་ གནས་ཚུལ་བསྡུ་བཀོདཔ་གོངམ་ སངས་རྒྱས་རབ་བརྟན་གྱིས་ རྫོང་ཁ་དེ་ རང་གིས་སྤྲོ་བ་ཐོག་ལས་ ལྷབ་ནི་དེ་ གལ་ཅན་ཅིག་ཨིནམ་ད་ འབྲུག་པའི་མི་ངོམ་ཅིག་འབདཝ་ལས་ རང་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ རྒྱལ་ཁབ་ཀྱི་ངོ་རྟགས་ རྫོང་ཁ་དེ་ ལྷབ་སྦྱང་པ་ཅིན་ མ་ཤེས་པའི་ དཔེ་མི་སྲིད་ཟེར་ཨིན་པས།
གནས་ཚུལ་ནང་བྲིས་མི་ མིང་ཚིག་ཚུ་ ཧ་གོ་ནི་ལུ་ ལཱ་ཁག་བཏང་མིའི་ཐད་ལུ་ སངས་རྒྱས་རབ་བརྟན་གྱིས་ སླབ་མིའི་ནང་ གལ་སྲིད་ རྫོང་ཁ་དེ་ལུ་ གཙོ་རིམ་བཟུང་སྟེ་ ལྷབ་སྦྱང་འབད་བ་ཅིན་ གནད་དོན་འཐོན་དགོཔ་ མེད་ཟེར་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྫོང་ཁ་ལས་ ཨིང་སྐད་ལུ་ སྤྲོ་བ་མངམ་བསྐྱེད་མི་གིས་ འབྲུག་པའི་ངོ་རྟགས་དང་ རང་དབང་རང་བཙན་ དེ་ལས་ ཉེན་སྲུང་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ རྫོང་ཁ་དེ་ རྒྱལ་ཁབ་ནང་ གཞན་དང་མ་འདྲཝ་བའི་ མཐུན་མོང་མ་ཡིན་པའི་ ངོ་རྟགས་ཆ་ཤས་ཅིག་ཨིནམ་ལས་ ཨིང་སྐད་དེ་ར་ སྤྲོ་བ་བསྐྱེད་པ་ཅིན་ ལམ་སྲོལ་བྱང་ནིའི་ ཉེན་ཁ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་ ཕྱིའི་རྒྱལ་ཁབ་ལས་ཕར་སྡོད་མི་ འབྲུག་མི་ཚུ་གི་ ཨ་ལུ་ཚུ་གིས་ རྫོང་ཁ་ཚུ་ ག་དེ་སྦེ་ ལྷབ་སྦྱང་འབད་དོ་ག་ཟེར་ ཚ་གྱང་ཡོད་ལུགས་ཚུ་ བཤད་པའི་ཁར་ ཨ་ལུའི་ཕམ་ཚུ་གིས་འབད་རུང་ ཨ་ལུ་ཚུ་ལུ་ རྫོང་ཁ་བཏོན་ནི་ལུ་ འགན་ཁུར་ཚུ་ ག་དེ་སྦེ་ འབག་དོ་ག་ཟེར་ དྲི་དཔྱད་འབདཝ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ བཟའ་ཚང་དང་ སློབ་གྲྭ་ དེ་ལས་ གཞུང་གི་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་དེ་ དགོས་མཁོ་ཅན་ཅིག་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement