༉ དབང་འདུས་ཕོ་བྲང་ སྲས་ཕུག་ལས་ པདྨ་ལྷ་སྒྲོན་དང་ མོ་རའི་བཟའ་ཚང་ལུ་ གཡག་ཡོངས་བསྡོམས་༡༠༠ དེ་ཅིག་ ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ གཡག་༦༠ ལུ་ མར་བབས་སོང་མི་དེ་ཡང་ གཡག་འཚོ་སྐྱོང་འཐབ་པའི་སྐབས་ འོང་འབབ་ལེགས་ཤོམ་མེད་པའི་ཁར་ གཡག་འཚོ་མི་ཚུ་ལུ་ རྒྱབ་སྐྱོར་ཚད་མ་གཏོགས་མེདཔ་མ་ཚད་ གཡག་གི་ཐོན་སྐྱེད་ མར་བབས་སོང་མི་ལུ་བརྟེན་ཨིན་པས།

ལ་མཐོ་སའི་མི་སྡེ་གི་ འཚོ་བའི་གནས་སྟངས་དང་ སྒོ་ནོར་འོང་འབབ་ཡར་སེང་གཏང་ཐབས་ལུ་ གཡག་གི་སྤུ་གིས་ ཐོན་སྐྱེད་སྣ་མང་བཟོ་ནི་གི་ སྦྱོང་བརྡར་སྐབས་ པདྨ་ལྷ་སྒྲོན་གྱིས་ སླབ་མིའི་ནང་ གཡག་འཚོ་མི་ཚུ་གིས་ གཡག་གི་སྤུ་ལས་ཐོན་མི་སྐུདཔ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ དེ་སྦེ་ར་ བཞག་སྟེ་འདུག་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ གཡག་གསོ་སྐྱོང་འཐབ་མི་ཚུ་ལུ་ ཨོམ་བཞོ་ནི་ལུ་ འཕྲུལ་ཆས་ཅིག་ དགོཔ་ཡོདཔ་ད་ གལ་སྲིད་ དེ་བཟུམ་མའི་ ཞབས་ཏོག་བྱིན་པ་ཅིན་ སོ་ནམ་པ་ཚུ་གི་ འོང་འབབ་ལུ་ ལྷན་ཐབས་བྱུང་པའི་ཁར་ གཡག་འཚོ་ནི་ལུ་ཡང་ སེམས་ཤུགས་བསྐྱེད་ ཚུགས་ནི་མས་ཟེར་ཨིན་པས།

གཡག་གི་སྤུ་གི་ཐོན་སྐྱེད་བཟོ་གྲྭ་ཁང་ ཡར་དྲག་གཏང་ཐབས་ལུ་ ལ་མཐོ་སའི་མི་སྡེ་ལས་ གཡག་འཚོ་མི་༡༧ དང་ ལ་མཐོ་སའི་རྫོང་ཁག་༡༠ ལས་ ཐབས་རིག་མཁས་མཆོག་བརྩིས་ཏེ་༤༦ གིས་ ཉིན་གྲངས་༢ ཀྱི་ ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

འབྲུག་ལུ་ གཡག་༢༩,༦༩༩ ཡོད་མི་ལས་ ལོ་བསྟར་ གཡག་གི་སྤུ་གི་ཐོན་སྐྱེད་ཊཱན་༣.༠༣ དེ་རེ་ ཐོན་སྐྱེད་འབད་དོ་ ཡོདཔ་ཨིན་པས།

བཅའ་མར་གཏོགས་མི་ཚུ་ལུ་ གཡག་གི་སྤུའི་ཐོན་སྐྱེད་དང་ བསྡུ་ལེན་ དེ་ལས་ བཙོང་ནི་གི་ ཐབས་རིག་དང་ ལག་ལེན་དངོས་བསྟར་གྱི་སྐོར་ལས་ སྦྱོང་བརྡར་ཚུ་ འབད་ཡོདཔ་ཨིན་པས།

འབྲུག་ལུ་ གཡག་འཚོ་མི་ཚུ་ གནམ་གཤིས་འགྱུར་བགྲོད་དང་ རྩྭ་འབྲོག་མ་ལང་མི་ གཡག་གི་འཕྲོད་བསྟེན་ལེགས་ཤོམ་མེད་མི་ ནད་གཞི་ཡར་སེང་ལ་སོགས་པའི་ གདོང་ལེན་ཚུ་ འབྱུང་དོ་ཡོདཔ་ཨིན་པས།

གནད་དོན་སེལ་ཐབས་ལུ་ སྒོ་ནོར་ལས་ཁུངས་ཀྱིས་ མཉམ་འབྲེལ་ཡར་དྲག་དང་ གཡག་འཚོ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ འབྲུག་གཡག་ཚོགས་སྡེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

ལ་ཡ་ལས་ སྐྱེས་ལོ་༤༥ ལང་མི་ རྡོ་རྗེ་ལས་འཕྲོ་ལུ་ གཡག་༡༥༠ ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དམིགས་བསལ་དུ་ རི་དྭགས་སེམས་ཅན་དང་འབྲེལ་བའི་ གདོང་ལེན་བྱུང་མི་ལུ་བརྟེན་ གཡག་འཚོ་མི་ མང་ཤོས་ཅིག་ གཡག་འཚོ་ནི་ལུ་ སེམས་ཤུགས་མར་ཉམས་འགྱོཝ་མས་ཟེར་ཨིན་པས།

སྦྱོང་བརྡར་ལུ་བརྟེན་ གཡག་འཚོ་ནི་ལུ་ ལོག་སེམས་ཤུགས་ཐོབ་དོ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ གཡག་གི་སྤུ་བཏོག་ནི་དང་ གཡག་སྤུ་འཁལ་ནི་ ཚོང་ལམ་གྱི་གོ་སྐབས་ དེ་ལས་ སྦྱོང་བརྡར་གྱི་སྐོར་ལས་ ཤེས་ཡོན་དེ་ཅིག་ མ་ཐོབ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ གཡག་སྤུ་བཏོག་ནི་དང་ འཁལ་ནི་ དེ་ལས་ འཕྲུལ་ཆས་ཚུ་ རྒྱབ་སྐྱོར་འབད་བ་ཅིན་ གཡག་འཚོ་མི་ཚུ་ལུ་ ཁེ་ཕན་དང་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།

དེ་བཟུམ་མའི་ རྒྱབ་སྐྱོར་གྱིས་ གཡག་སྤུ་འཁལ་ཐོག་ལས་ གོ་ལ་འཐགས་ཏེ་ བཙོང་ཞིནམ་ལས་ འོང་འབབ་ཚུ་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།

ལ་མཐོ་སའི་ མི་སེར་ཚུ་གིས་ གཡག་ཚུ་ཡང་ འཚོ་བ་སྐྱོང་ནིའི་དོན་ལུ་ འཚོ་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དང་༣༠༠,༠༠༠ བར་ན་ བཟོ་ཚུགས་དོ་ཡོད་མི་དེ་ཡང་ མང་ཤོས་ར་ མར་དང་ དར་ཚིལ་ དེ་ལས་ ཕྱུར་སྒོར་ལུ་བརྟེན་ཨིན་པས།

བཅའ་མར་གཏོགས་མི་ཅིག་གིས་ སླབ་མིའི་ནང་ དབྱར་རྩྭ་དགུན་འབུབ་དེ་ འོང་འབབ་ཅན་ཅིག་འབདཝ་ལས་ ཟླཝ་༣ དབྱར་རྩྭ་དགུན་འབུབ་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།

ཨིན་རུང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ དབྱར་རྩྭ་དགུན་འབུབ་ཀྱི་ ཐོན་ཤུགས་མར་བབས་སོང་སྟེ་ཡོདཔ་ལས་ དེ་གིས་ ལ་མཐོ་སའི་མི་སེར་ཚུ་ལུ་ ལྷག་པར་དུ་ གདོང་ལེན་འབྱུང་ནི་ཨིན་པས།

གཞུང་གི་འགོ་དཔོན་དང་ མཁས་མཆོག་ ས་གནས་ཀྱི་ གཡག་འཚོ་མི་ཚུ་ མཉམ་འབྲེལ་ཐོག་ལས་ སྦྱོང་བརྡར་ལས་རིམ་གྱིས་ གཡག་འཚོ་མི་ གུང་པ་༨༩༧ ལུ་ གོ་སྐབས་གསརཔ་ཅིག་ བཟོ་ཚུགས་ནི་ཨིན་པས།

སྦྱོང་བརྡར་ལས་རིམ་དེ་ འཛམ་གླིང་རྒྱལ་སྤྱི་བཟའ་འཐུང་དང་ སོ་ནམ་ལས་ཚོགས་ མཉམ་འབྲེལ་ཐོག་ལས་ སྒོ་ནོར་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

གཡག་བརྒྱ་ཆ་༥༠ དེ་ཅིག་ གཡག་སྤུ་ཐོན་སྐྱེད་ཀྱི་ དོན་ལུ་བཞག་པ་ཅིན་ ལོ་བསྟར་བཞིན་དུ་ གཡག་སྤུའི་སྐུདཔ་ལས་ ཡུ་ཨེསི་ཌོ་ལར་༣༥,༤༩༠ དེ་ཅིག་ བཟོ་ཚུགས་པའི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།

འཛམ་གླིང་རྒྱལ་སྤྱི་བཟའ་འཐུང་དང་ སོ་ནམ་ལས་ཚོགས་དང་ འཁྲིལ་བ་ཅིན་ ཐགས་འཐགས་ནི་གི་ འཕྲུལ་ཆས་དེ་ ཧཱ་གི་ རྒྱལ་ཡོངས་གཡག་གསོ་སྐྱོང་ཁང་ནང་ གཞི་བཙུགས་འབད་དེ་ཡོདཔ་ལས་ དེ་གིས་ གཡག་འཚོ་མི་དང་ ཐབས་རིག་ལས་བྱེདཔ་ཚུ་གི་ རིག་རྩལ་དང་ སྤུས་ཚད་ལུ་ ལྷན་ཐབས་བྱུང་སྟེ་ རིན་གོང་ཆེ་བའི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་ལུ་ གཞི་སྒྱུར་འབད་ཚུགས་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement