༉ ལ་ཡ་ལུ་བཟུམ་ཅིག་འབད་བ་ཅིན་ མི་སྡེའི་དཔལ་འབྱོར་གྱི་རྒྱབ་སྐྱོར་དོན་ལུ་ རྟ་ཚུ་གིས་ འགན་ཁུར་སྦོམ་འབག་དོ་ཡོདཔ་ཨིན་པས།
ལུང་ཕྱོགས་ནང་ འཁོར་ལམ་མེད་པའི་སྐབས་སུ་ རྟ་ཚུ་གིས་ སྐྱེལ་འདྲེན་དོན་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ རྟ་ཚུ་གིས་ གཡུས་མི་ཚུ་གི་དོན་ལུ་ ཁུར་ཆ་འབག་སྟེ་ རྐང་ལམ་ལེགས་ཤོམ་མེད་མི་ཚུ་ནང་ལས་ཕར་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་ཨིན་པས།
འཁོར་ལམ་བཟོ་སྐྲུན་གྱི་ ལས་འགུལ་དེ་ སྤྱི་ལོ་༢༠༡༢-༡༣ གྱི་རྩིས་ལོ་ནང་ འགོ་བཙུགས་ཡོདཔ་ད་ ཀི་ལོ་མི་ཊར་༢༤ འབད་མི་་མགར་ས་ལས་ སྟོང་ཆུ་བྲག་གི་འཁོར་ལམ་དེ་ སྤྱི་ལོ་༢༠༡༨ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
འཆར་གཞི་ངོ་མ་ནང་འབད་བ་ཅིན་ འཁོར་ལམ་དེ་ སྟོང་ཆུ་བྲག་ཚུན་བསལ་ནི་སྦེ་ཨིནམ་ལས་ ལ་ཡ་གི་མི་སེར་ཚུ་ ས་གནས་དེ་ཁ་ལས་ གཡུས་ཚན་ཚུ་ ད་རུང་ དུས་ཡུན་ཆུ་ཚོད་བཞི་དེ་ཅིག་ རྐང་སྟོང་སྦེ་ ལམ་འགྲུལ་འབད་དགོཔ་ད་ ཤུལ་ལས་ འཁོར་ལམ་ ཀི་ལོ་མི་ཊར་༦.༡ རྒྱ་སྐྱེད་འབད་དེ་བསལཝ་ད་ ས་གནས་སྟག་རྩེ་དམག་ཁ་ལུ་ ལྷོད་ནི་ཨིནམ་ལས་ འཁོར་ལམ་བསལ་ནི་དེ་ སྤྱི་ལོ་༢༠༢༣ ཟླ་༩ པའི་ཚེས་༢༡ ལས་འགོ་བཙུགས་མི་གིས་ སྤྱི་ལོ་༢༠༢༥ ཟླ་༤ པའི་ཚེས་༧ ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
མགར་ས་ལུ་བཟུམ་ཅིག་འབད་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ སྤུ་ན་ཁ་ལས་ ཀི་ལོ་མི་ཊར་༧༤ འབད་མི་དེ་ རྒྱལ་ཡོངས་ཀྱི་གཞུང་ལམ་སྦེ་ བསལ་ཡོདཔ་ད་ ཧེ་མ་རྟ་བདའ་སྟེ་ ཉིནམ་གཉིས་ཀྱི་རིང་ ལམ་འགྲུལ་འབད་དགོ་མི་དེ་ ད་རེས་འབདཝ་ད་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ནང་ ལྷོད་ཚུགས་དོ་ཡོདཔ་ཨིན་པས།
ས་གནས་ནང་གི་ མི་སེར་ཚུ་གིས་ ཧེ་མ་འབད་བ་ཅིན་ རྟ་རེ་ལུ་ དོས་གླ་དངུལ་ཀྲམ་༨༠༠ དང་༡,༠༠༠ གི་བར་ན་ ཐོབ་དོ་ཡོདཔ་ད་ ད་རེས་ སྟག་རྩེ་དམག་ཁང་ཚུན་ འཁོར་ལམ་བསལ་བའི་བསྒང་ལས་ དོ་འབག་མི་རྟ་ཚུ་ལུ་ གླ་ཆ་དངུལ་ཀྲམ་༦༠༠ དང་ གཞོན་རྟ་ཚུ་ལུ་དངུལ་ཀྲམ་༡,༠༠༠ རེ་འཐོབ་ནི་ཨིན་པས།
ས་གནས་ཀྱི་མི་སེར་ ལ་ལུ་ཅིག་གིས་ ཉིནམ་རེ་ནང་ ཡར་མར་ཚར་གསུམ་དེ་རེ་ དོས་སྐྱེལ་ལེན་འབད་དོ་ཡོདཔ་ཨིན་པས།
འཁོར་ལམ་གསརཔ་དེ་ སྟག་རྩེ་དམག་ཁང་ཚུན་ སེལ་ཏེ་འབད་རུང་ ད་རུང་ ལམ་འགྲུལ་འབད་ནི་དེ་ དོ་འགྲན་ཅན་ཅིག་འབྱུང་ཡོདཔ་ད་ དེ་ཡང་ ལམ་གྱེན་དུས་ཡུན་ཆུ་ཚོད་གཉིས་དེ་ཅིག་གི་རིང་ རྐང་སྟོང་འགྱོ་དགོ་མི་དེ་ རྟ་གི་ཐོག་ལུ་ར་ སྐྱེལ་འདྲེན་འབད་དགོ་ནི་ཨིན་པས།
རྟ་དང་ མི་གི་བར་ན་འབྲེལ་བ་དེ་ ལ་ཡ་གིས་ དཔྱེ་སྟོན་འབད་དོ་ཡོདཔ་ད་ དེ་ཡང་ གདོང་ལེན་དང་ སྔར་སྲོལ་ དེ་ལས་ མི་སྡེ་ཚུ་གིས་ གཅིག་མཐུན་ཐོག་ ལཱ་འབད་དོ་ཡོདཔ་ཨིན་པས།
ལ་ཡ་ལུ་ རྟ་གི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༢༡ ནང་༡,༠༦༨ དང་ སྤྱི་ལོ་༢༠༢༢ ནང་༡,༥༣༨ དེ་ལས་ སྤྱི་ལོ་༢༠༢༣ ནང་༡,༧༩༩ ལུ་ ལྷོད་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ལ་ཡ་རྒཔོ་ཚེ་དབང་གིས་ བཤད་མིའི་ནང་ ལ་ཡ་གི་རྟ་གི་གྱངས་ཁ་དེ་ ཁྱིམ་གུང་ལས་ལྷག་སྟེ་ ཡར་སེང་སོང་ཡི་ཟེར་ཨིན་པས།
ལ་ཡ་གི་ས་གནས་དེ་ རྒྱ་མཚོའི་མཐའམ་ལས་ མི་ཊར་༣,༨༠༠ གི་ས་ཁར་ ཆགས་ཡོདཔ་ད་ མགར་ས་རྫོང་ཁག་ནང་ རྒེད་འོག་བཞི་ཡོད་པའི་གྲས་ལས་ ལ་ཡ་རྒེད་འོག་དེ་ ཨང་གཉིས་པ་ཨིནམ་བཞིན་དུ་ དེ་ཁར་ ཁྱིམ་གུང་༢༨༦ ནང་མི་རློབས་༡,༡༠༨ ཡོདཔ་ད་ རྒེད་འོག་དེ་ འབྲུག་རྒྱལ་ཁབ་ཀྱི་མཐའ་ཟུར་ཅན་གྱི་ རྒེད་འོག་ཨིན་པས།
རྟ་དེ་ ལ་ཡཔ་ཚུ་ལུ་ མེད་ཐབས་མེདཔ་ཅིག་ཨིནམ་ད་ ཁོང་གི་དོན་ལུ་ ཐབ་ཤིང་བསྐྱལ་ནི་དང་ མེ་རླུང་རྒྱ་རྫི་བསྐྱལ་ནི་ དེ་ལས་ མི་ནདཔ་ཚུ་ འཁོར་ལམ་ཚུན་ བསྐྱལ་ནི་ལ་སོགས་པ་ཚུ་ རྟ་ལུ་བརྟེན་དགོཔ་ཨིན་པས།
ཚེ་དབང་གིས་ འབད་བ་ཅིན་ ལ་ཡ་ལུ་ ཁྱིམ་གུང་༢༨༦ ཡོད་མི་ནང་ རྟ་༡,༧༠༠ དེ་ཅིག་ཡོདཔ་ལས་ ཚོད་རྩིས་ལུ་འབད་བ་ཅིན་ ཁྱིམ་གུང་རེ་ལུ་ རྟ་༨ དང་༡༢ ཀྱི་བར་ན་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༦ ལང་མི་ ཚོགས་པ་པ་སངས་ཀྱིས་ བཤད་མིའི་ནང་ མ་གཞི་ དབྱར་རྩྭ་དགུན་འབུབ་དེ་ འོང་འབབ་བཟོ་ས་གཙོ་བོ་ཅིག་འབད་རུང་ ལོ་ཅིག་ནང་ ཚར་ཅིག་མ་གཏོགས་མེདཔ་ལས་ རྟ་དེ་ང་བཅས་ཀྱི་ འོང་འབབ་འཕྲོ་མཐུད་བཟོ་ཚུགས་མི་ གཉིས་པ་ཨིན་ཟེར་ཨིན་པས།
ས་གནས་ནང་སྦྲེལ་མཐུད་དང་ ལྟ་བཤལ་པའི་དོན་ལུ་ ལ་ཡ་རྒེད་འོག་བདག་སྐྱོང་གིས་ རྟ་ལམ་ཚུ་ ལེགས་ཤོམ་སྦེ་ བཏོན་ཞིནམ་ལས་ ལུང་ནག་ནང་དང་ མགར་ས་ཚ་ཆུ་ དེ་ལས་ གླིང་བཞི་ལ་སོགས་པ་ཚུ་ནང་ ཞབས་ཏོག་ལེགས་ཤོམ་ཞུ་ཚུགསཔ་ འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།