༉ མགར་ས་རྫོང་ཁག་ ལ་ཡ་ལུ་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོད་རུང་ ལ་ཡ་སློབ་གྲྭ་ལྟེ་བ་དེ་ མཐའ་ཟུར་ཅིག་འབདཝ་ལས་ སློབ་གྲྭ་ནང་ལས་ ཐོན་འགྱོ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ ཚ་གྱང་ཅན་གྱི་ གཞི་གནད་ཅིག་ལུ་ གྱུར་ཏེ་འདུག།
སློབ་གྲྭ་བཤོལ་བཞག་མིའི་གྱངས་ཁ་ ཡར་སེང་སོང་མི་དེ་ཡང་ ཕམ་ཚུ་ལུ་བརྟེན་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཤེས་ཡོན་ལྟ་ཚར་བའི་ཤུལ་ལས་ ལཱ་གཡོག་གི་གོ་སྐབས་ཡོད་རུང་ ད་རེས་ ན་གཞོན་ཚུ་གིས་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལས་ ལཱ་གཡོག་འཐོབ་ནི་ལུ་ ངེས་བརྟན་མེདཔ་ཨིན་པས།
སྤྱི་ལོ་༢༠༢༢ ལས་ ད་ལྟོ་ཚུན་གྱི་བར་ན་ ལ་ཡ་སློབ་གྲྭ་ལྟེ་བ་ལས་ སློབ་ཕྲུག་༢༡ གིས་ ཤེས་ཡོན་འཕྲོ་མཐུད་དེ་ བལྟ་མ་ཚུགས་མིའི་གྲས་ལས་ བུམོ་༦ དང་ བུཚ་༡༥ ཡོདཔ་བཞིན་དུ་ གནད་དོན་གཙོ་བོ་ར་ རང་རྐྱང་གི་ དཀའ་ངལ་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༢༢ གི་ལོ་ནང་ར་ སློབ་ཕྲུག་བུམོ་༢ དང་ བུཚ་༥ ཤེས་ཡོན་འཕྲོ་མཐུད་ བལྟ་མ་ཚུགས་པར་ཡོདཔ་ད་ ན་ཧིང་འབད་བ་ཅིན་ སློབ་ཕྲུག་༦ གིས་ སློབ་གྲྭ་བཀོག་བཞག་མི་གྲས་ལས་ བུམོ་༢ དང་ བུཚ་༤ ཨིན་པས།
དུས་ཅི་ བུཚ་༢ དགེ་སློང་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཐོན་ཡོདཔ་ད་ གཞན་བུམོ་༦ འབད་བ་ཅིན་ གསོ་བ་དང་འབྲེལ་བའི་དཀའ་ངལ་དང་ རང་སོའི་དཀའ་ངལ་ལུ་བརྟེན་ སློབ་གྲྭ་བཞག་དགོཔ་ བྱུང་ཡོདཔ་ཨིན་པས།
སློབ་གྲྭ་བཤོལ་བཞག་མི་ཚུ་ཡང་ སློབ་རིམ་༧ པ་ལས་ ཡན་ཆད་འབད་མི་ སློབ་ཕྲུག་ཚུ་ཨིན་པས།
མགར་ས་རྫོང་ཁག་གི་ ཤེས་རིག་སྡེ་ཚན་གྱི་ ཐོ་བཀོད་འབད་མི་གི་ སྙན་ཞུ་འཁྲིལཝ་ད་ སློབ་ཕྲུག་ཐོན་སོང་མི་དེ་ཡང་ རང་སོའི་དཀའ་ངལ་དང་ གསོ་བ་དང་འབྲེལ་བའི་དཀའ་ངལ་ དེ་ལས་ དགེ་སློང་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ཨིན་པས།
ཤེས་རིག་གཙོ་འཛིན་ཀུན་ལེགས་ཀྱིས་ སླབ་མིའི་ནང་ སློབ་ཕྲུག་ཐོན་སོང་མི་ གནད་དོན་མ་འདྲཝ་ལེ་ཤ་ཡོད་རུང་ གནད་དོན་ངོ་མ་ར་ ཨ་ལུའི་ཕམ་ཚུ་གི་ ཁོང་ར་གཅིག་ཁར་ ཁྱིམ་ནང་གི་ལཱ་ཚུ་ འབད་ནིའི་དོན་ལུ་ བཞགཔ་མས་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་སེལ་ཐབས་ལུ་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་དང་ ཐབས་ཤེས་གཞན་ཡང་ སློབ་གྲྭ་འགོ་བཙུགས་བའི་ དུས་ཚོད་ལུ་ བློ་གསར་སློབ་རིམ་ལས་༡༠ པ་ཚུན་གྱི་ སློབ་ཕྲུག་ཚུ་ལུ་ ནང་སྡོད་ཀྱི་ མཐུན་རྐྱེན་ཚུ་ བྱིན་འོང་ཟེར་ཨིན་པས།
དེ་མ་ཚད་ རང་སོའི་དང་འདོད་དང་འཁྲིལ་ སློབ་གྲྭ་ཚུ་ གདམ་ཁ་རྐྱབ་བཅུག་ནི་དང་ དེ་ལས་ སློབ་གྲྭ་ནང་ གཞི་རྟེན་མཁོ་ཆས་ཀྱི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་འོང་ཟེར་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་ཕྲུག་ཐོན་འགྱོ་མི་ གནད་དོན་དེ་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོ་ནིའི་དོན་ལུ་ སློབ་གྲྭ་བཤོལ་བཞག་དོ་ཡོདཔ་ད་ གནད་དོན་སེལ་ཐབས་ལུ་ དབྱར་རྩྭ་དགུན་འབུབ་འཐུ་ནི་གི་ དུས་ཚོད་རྫོགསཔ་ད་ སློབ་གྲྭ་ནང་ འཛུལ་ཆོགཔ་ཨིན་རུང་ དཔེ་ཆ་བལྟ་ནི་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཀུན་ལེགས་ཀྱིས་འབད་བ་ཅིན་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་ ཕམ་དང་སློབ་ཕྲུག་གཉིས་ཆ་ར་ལུ་ གོ་བ་བརྡ་སྤྲོད་ཚུ་ཡང་ འབད་དོ་ཟེར་ཨིན་པས།
ད་རེས་ སློབ་གྲྭ་ནང་ སློབ་དཔོན་༢༠ ཡོད་པའི་གྲས་ལས་༡༤ ཁག་འབག་གི་ སློབ་དཔོན་ཨིནམ་བཞིན་དུ་ སློབ་དཔོན་མང་ཤོས་ཅིག་ གསརཔ་ཨིན་པས།
སློབ་རིམ་༡༠ པའི་ནང་ སློབ་ཕྲུག་༢ དང་ སློབ་རིམ་༩ པའི་ནང་ སློབ་ཕྲུག་༩ རྐྱངམ་གཅིག་ཡོད་པའི་ཁར་ སློབ་རིམ་༨ དང་༦ པའི་ནང་ ན་ཧིང་ གཞུང་གི་ཆོས་རྒྱུགས་ནང་ལས་ སློབ་ཕྲུག་གཅིག་གིས་ཡང་ མཐར་འཁྱོལ་མ་ཚུགས་མི་ལུ་བརྟེན་ ད་རེས་ སློབ་རིམ་༧ པའི་ནང་ སློབ་ཕྲུག་ཕུག་རྡོག་གཅིག་ཡང་ མེདཔ་ཨིན་པས།
ད་ལྟོ་ སློབ་གྲྭ་དེ་ནང་ བློ་གསར་སློབ་རིམ་ལས་༡༠ པ་ཚུན་ སློབ་ཕྲུག་ཡོངས་སྡོམས་༡༦༦ ཡོདཔ་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་གི་ལོ་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མི་ ཡར་སེང་སོང་ཡོད་རུང་ གྱངས་ཁ་ཐད་ཀར་དུ་ སླབ་མི་ཚུགས་པས་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ ལ་ཡ་གི་རྒཔོ་ ཚེ་དབང་གིས་ སླབ་མིའི་ནང་ སློབ་ཕྲུག་འཐོན་འགྱོ་དགོ་པའི་ གནད་དོན་ངོ་མ་ར་ ལོ་ན་མ་རནམ་ལས་ གཉེན་རྐྱབ་མི་དང་ དབྱར་རྩྭ་དགུན་འབུབ་བསྡུ་ནི་ནང་ གྲལ་གཏོགས་འབད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་འཛུལ་ཞུགས་འབད་མི་གི་གྱངས་ཁ་ ཡར་སེང་སོང་མི་དེ་ཡང་ སློབ་ཕྲུག་གི་ ཕམ་ཚུ་གི་རྒྱུད་ལུ་ ཤེས་ཡོན་ཁག་ཆེ་བའི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
མགར་ས་རྗོང་ཁག་ནང་ སློབ་གྲྭ་གོང་མ་༡ དང་ འབྲིང་རིམ་སློབ་གྲྭ་བར་མ་༡ དེ་ལས་ སློབ་གྲྭ་ཆུང་བ་༢ ཡོདཔ་མ་ཚད་ ལུང་གོ་ ཐང་ཟ་ དེ་ལས་ མནྜལ་ཐང་བརྩིས་ཏེ་ རྒྱ་སྐྱེད་སློབ་གྲྭ་༣ ཡོདཔ་ཨིན་པས།
རྗོང་ཁག་ནང་ ཨ་ལུ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་༤ གཞི་བཙུགས་འབད་ཡོདཔ་དང་ རང་སོའི་ཁྱིམ་ནང་ལས་ སློབ་སྟོན་འབད་མི་ གཅེས་སྐྱོང་ལྟེ་བ་༢ དེ་ལས་ གཞི་རྟེན་ཤེས་ཡོན་ལྟེ་བ་དང་ མི་སྡེ་ལྷབ་སྦྱང་ལྟེ་བ་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།
སངས་རྒྱས་མཚོ་མོ་དང་ ཚེ་རིང་གཡུ་སྒྲོན་ བདེ་ཆེན་དབང་མོ།