༉ དུས་ཅི་གི་ལོ་ནང་ ས་གནས་རྡོ་སྐྱོང་ལ་ལས་ བབས་ཏེ་འགྱོ་བའི་སྐབས་ ཨེ་ཏོག་མེ་ཏོག་སྣ་ཚོགས་ཤར་ཡོད་པའི་ མཐོང་སྣང་དང་བཅས་ དེ་ཡང་ འདབ་མ་ཧོནམ་དང་ མེ་ཏོག་ཧོནམ་འབད་མི་ལས་འགོ་བཙུགས་ མེ་ཏོག་ཤ་ཁ་དང་ དམརཔོ་ཚུ་གིས་ རྒྱན་པའི་མཐོང་སྣང་བྱུང་མི་དེ་ ཁྱད་དུ་འཕགས་པའི་ མཛེས་སྣང་གིས་ བརྒྱན་ཡོདཔ་བཟུམ་སྦེ་མཐོངམ་ཨིན་པས།

རང་བཞིན་གྱིས་ བརྒྱན་ཏེ་ཡོད་པའི་ས་ཁོངས་ལས་ དུས་ཡུན་ཀི་ལོ་མི་ཊར་དག་པ་ཅིག་གི་ ས་གནས་ལམ་དཔལ་རི་གླིང་ག་ནང་ ལོ་བསྟར་གྱི་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བརྩི་སྲུང་འབད་ཡོདཔ་ཨིན་པས།

གླིང་ག་ནང་ མི་༢,༥༠༠ ལྷགཔ་ཅིག་གིས་ བལྟ་བར་འོང་ཡོདཔ་ད་ དེ་ཚུ་གི་གྲས་ལས་ མི་༡,༠༠༠ ལྷགཔ་ཅིག་ ཕྱིའི་ལྟ་བཤལཔ་དང་ གཞན་མི་ཚུ་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་ ལྷམ་པ་མ་འདྲཝ་༤༦ དེ་ཅིག་ ཡོད་པའི་གྲས་ལས་ གླིང་ག་འདི་ནང་ ཨེ་ཏོག་མེ་ཏོག་ལྷམ་པ་༢༩ དེ་ཅིག་ མཐོང་ཚུགས་དོ་ཡོདཔ་ཨིན་པས།

དུས་སྟོན་བརྩི་སྲུང་འབད་བའི་སྐབས་ལུ་ མེ་ཏོག་༧ དེ་ཅིག་ མེ་ཏོག་ཤར་ཡོདཔ་སྦེ་ཨིན་པས།

དུས་སྟོན་ནང་ ཨེ་ཏོག་མེ་ཏོག་ལྷམ་པ་༤༦ ཡོད་མི་ཚུ་ མཐོང་ཚུགས་ནི་དང་ མིང་ཡང་ སྐལ་སངས་དགའ་ཡེ་ཟེར་ བཏགས་ཡོད་མི་དེ་ མི་དབང་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་ རྗེས་དྲན་ལུ་ཨིན་ཟེར་ གླིང་ག་འཛིན་སྐྱོང་པ་ ཉི་མ་ཚེ་རིང་གིས་ བཤདཔ་ཨིན་པས།

སྤྱིར་བཏང་ ཨེ་ཏོག་མེ་ཏོག་གི་རིགས་ཚུ་ སྤྱི་ཟླ་༢ པ་དང་ གསུམ་པའི་བར་མཚམས་ཅིག་ཁར་ ཤར་དོ་ཡོདཔ་ཨིན་རུང་ སྐལ་སངས་དགའ་དེ་ སྤྱི་ཟླ་༤ པའི་ནང་ཤར་དོ་ཡོདཔ་ད་ དེ་ཡང་ དུས་སྟོན་དང་གཅིག་ཁར་ དུས་མཉམ་ལུ་ ཕོག་དོ་ཡོདཔ་ཨིན་པས།

དུས་སྟོན་གྱི་སྐབས་ལུ་ ལས་རིམ་ཚུ་ཡང་ ནང་འཁོད་ལས་ཐོན་པའི་ ལག་བཟོ་རིགས་དང་ བཞེས་སྒོ་ དེ་ལས་ ཅ་ཆས་གཞན་དང་ གཞན་ཚུ་ཡོདཔ་མ་ཚད་ རང་ལུགས་སྔར་སྲོལ་གྱི་ ཁུ་རུ་དང་ མདའ་རྩེད་ཚུ་ཡང་ ཡོདཔ་ཨིན་པས།

ལོ་བསྟར་གྱི་དུས་སྟོན་དེ་ སྟོད་སྦི་ས་རྒེད་འོག་བདག་སྐྱོང་གིས་ ལམ་དཔལ་རི་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ རྒེད་འོག་གི་ཁ་ཐུག་ལས་ མཉམ་འབྲེལ་ཐོག་ སློབ་གྲྭ་གཉིས་བཙུགས་ཡོད་མི་ཚུ་ཡང་ བདེ་ཆེན་རྩེ་མོ་སློབ་གྲྭ་ལྟེ་བ་དང་ འཕྲིན་ལས་སྒང་འབྲིང་རིམ་སློབ་གྲྭ་ཆུང་བ་ཚུ་གིས་ འབད་དོ་ཡོདཔ་ཨིན་པས།

དུས་ཅི་འབད་བ་ཅིན་ འཕྲིན་ལས་སྒང་འབྲིང་རིམ་སློབ་གྲྭ་ཆུང་བ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སློབ་ཕྲུག་དང་ སློབ་དཔོན་ཚུ་གིས་ དུས་སྟོན་དེ་ཁར་ རང་ལུགས་ཀྱི་ ཞབས་ཁྲ་དང་ ཟློས་གར་གྱི་རིགས་ཚུ་ གསལ་སྟོན་འབདཝ་མ་ཚད་ བཞེས་སྒོའི་ཚོང་ཁང་ཚུ་ བཙུགས་ཐོག་ལས་ ཁུ་རུ་དང་ མདའ་རྩེད་ཀྱི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྟོད་སྦི་རྒེད་འོག་གིས་ འདི་བཟུམ་གྱི་ དུས་སྟོན་ལས་རིམ་གྱིས་ མི་སྡེ་ལུ་ འོང་འབབ་བཟོ་ནིའི་ གོ་སྐབས་ཅིག་ཨིནམ་སྦེ་ སླབ་དོ་ཡོདཔ་ད་ དེ་ཁར་ ལྟ་བཤལ་ལུ་འོང་མི་ཚུ་ལས་ བསྡུ་ལེན་འབད་མི་ མ་དངུལ་ཚུ་ རྒེད་འོག་དང་ སློབ་གྲྭ་གཉིས་ཀྱི་བར་ན་ བརྒྱ་ཆ་༧༠ དང་༣༠ སྦེ་ བགོ་བཤའ་རྐྱབ་དོ་ཡོདཔ་ཨིན་པས།

སྟོད་སྦི་རྒཔོ་ ཚེ་རིང་དཔལ་འབྱོར་གྱིས་ བཤད་མིའི་ནང་ དུས་ཅི་ལས་ དུས་སྟོན་དེ་ ཉིནམ་གསུམ་ལས་ གཉིས་ལུ་མར་ཕབ་འབད་ཡི་ཟེར་ཨིནམ་ད་ ཁོང་གིས་ ལྟ་བཤལ་ལས་ཁུངས་ནང་ལས་ འཆར་དངུལ་ཚུ་ མར་ཕབ་ཐོག་ ཐོབ་སྟེ་ཡོད་ཟེར་ཨིན་པས།

ལྟ་བཤལ་ལས་ཁུངས་ནང་ལས་ ཐོབ་མིའི་མ་དངུལ་ཚུ་ དུས་སྟོན་གྱི་དོན་ལུ་ བཅའ་སྒྲིག་རྐྱབ་ནི་དང་ ལས་བྱེདཔ་ཚུ་ལུ་ ཉིན་འཐུས་སྤྲོད་ནི་ དུས་སྟོན་གྱི་སྐབས་ལུ་ བསིལ་ཆུ་ལ་སོགས་པ་ཚུ་ བྱིནམ་ཨིན་ཟེར་ཨིན་པས།

དུས་སྟོན་དེ་གིས་ ལྟ་བཤལཔ་ཚུ་ལས་ རྒྱལ་ཁབ་ལུ་ མ་དངུལ་འོང་འབབ་ལེགས་ཤོམ་བཟོ་ཚུགས་པས་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ བཤད་པའི་ཁར་ དུས་སྟོན་དེ་ ཕྱི་རྒྱལ་གྱི་ ལྟ་བཤལཔ་ཚུ་ འོང་དོ་ཡོད་མི་དེ་ཡང་ ལྟ་བཤལ་པའི་ ལམ་སྟོན་དུས་མཐུན་ནང་ དུས་སྟོན་གྱི་ལས་རིམ་ཚུ་ཡང་ ཚུད་དེ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།

གལ་སྲིད་ རྒེད་འོག་ལུ་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་མ་དངུལ་གནང་སྟེ་ དུས་སྟོན་བརྩི་སྲུང་འབད་ནིའི་ གོ་སྐབས་བྱིན་པ་ཅིན་ དུསས་སྟོན་དེ་ ཧེང་སྐལ་ར་ སྒྲིང་སྒྲི་བཟོ་ཚུགས་ནི་མས་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ དུས་སྟོན་ཚུ་ ལྟ་བཤལ་ལས་ཁུངས་ཀྱི་ རྒྱབ་སྐྱོར་མ་དངུལ་ལུ་ བརྟེན་དགོ་པས་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

ཉི་མ་ཚེ་རིང་གིས་ བཤད་མིའི་ནང་ ང་བཅས་ཀྱིས་ གཞུང་འབྲེལ་ཐོག་ལས་ དུས་སྟོན་བརྩི་སྲུང་གི་ ངེས་བརྟན་ཚེས་གྲངས་དེ་ སྤྱི་ཟླ་༤ པའིཚེས་༨ ལུ་ མ་གཏོགས་མ་ཐོབ་ཟེར་ཨིན་པས།

དུས་ཚོད་ཐུང་ཀུ་ཅིག་ནང་ དུས་སྟོན་བརྩི་སྲུང་གི་ གྲ་སྒྲིག་འབད་ནི་ལུ་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།

དུས་སྟོན་ནང་ ཀརྨ་དབང་མོ་གིས་ མོ་རའི་བཟའ་ཚང་དང་གཅིག་ཁར་ བཞེས་སྒོའི་ཚོང་ཁང་ཅིག་བཙུགས་ཡོདཔ་ད་ ཚོང་ཁང་ནང་ སྟོང་སྦང་ ཨ་རག་ ཆང་བསྐོལ་ དེ་ལས་ ས་གནས་ཀྱི་ བཞེས་སྒོའི་རིགས་ཚུ་ཡོདཔ་ཨིན་པས།

ང་གིས་ སྟོང་སྦང་དང་ ཆང་བསྐོལ་ཚུ་ ན་ཧིང་ལས་ར་ གྲ་སྒྲིག་འབད་བཞག་ཡོདཔ་ལས་ ད་རེས་ དུས་སྟོན་ནང་ བཅའ་མར་གཏོགས་ཚུགས་ཅི་ཟེར་ ཀརྨ་དབང་མོ་གིས་ བཤདཔ་ཨིན་པས།

དུས་སྟོན་གྱི་ རྩེད་ཐང་ནང་ སློབ་རིམ་བརྒྱད་པའི་སློབ་སྦྱོང་འབད་མི་ འཕྲིན་ལས་ཕུན་ཚོགས་རྡོ་རྗེ་གིས་ ཁུ་རུ་རྩེད་འགྲན་འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་སྟོན་གྱི་ ཉིནམ་དང་པའི་ནང་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ལུ་ ཁོ་གིས་ དངུལ་ཀྲམ་༢,༠༠༠ བཟོ་ཡོདཔ་ད་ མ་དངུལ་དེ་གིས་ ང་བཅས་ཀྱི་ སྤྱི་དོན་ཁང་གི་ གནམ་སྤང་མེདཔ་ཐལ་མི་ཚུ་ བཅོ་ཁ་རྐྱབ་ཚུགས་ནི་དང་ ཕུཊ་བཱོལ་རྩེད་ཐང་ཡང་ ལེགས་བཅོས་འབད་ཚུགས་ཟེར་ཨིན་པས།

སྐྱེས་ལོ་༨༠ ལང་མི་ བུ་མོ་གིས་ འཕྲིན་ལས་ཀྱི་ ཁུ་རུ་རྩེད་སར་སོང་ཞིནམ་ལས་ ཁུ་རུའི་རྩེད་འགྲན་འབད་ཡོདཔ་ད་ འདི་བཟུམ་གྱི་ སྤྲོ་སྟོན་འབད་ནི་ཐོབ་མི་ལུ་ སེམས་དགའ་བས་ཟེར་ཨིན་པས།

ཡུ་ཀེ་ལས་འོང་མི་ ལྟ་བཤལཔ་ཅིག་གིས་ བཤད་མིའི་ནང་ དུས་སྟོན་དེ་ སེམས་དགའ་ཏོག་ཏོ་འདུག་ཟེར་ཨིནམ་ད་ ང་ཅས་སྡེ་ཚན་ནང་ མི་༡༠ ཡོད་མི་ཚུ་ སྤྱི་ཟླ་༤ པའི་ཚེས་༡༠ ལུ་ རྒྱལ་ཁབ་ནང་ལྷོད་ཅི་ཟེར་ཨིནམ་ད་ དུས་སྟོན་དེ་ཁར་ ལམ་སྲོལ་གྱི་ལས་རིམ་དང་ ཨེ་ཏོག་མེ་ཏོག་གི་ ལས་རིམ་ཚུ་ སྤྲོ་བ་ཆེ་ཏོག་ཏོ་འདུག་ཟེར་ ཨིན་པའི་གནས་ཚུལ།

 

ཚེ་རིང་དབང་འདུས།

Advertisement