༉ ཐིམ་ཕུག་ སྨད་ཝང་རྒེད་འོག་ ལམ་འབྲོག་གཡུས་ཚན་ནང་ དྲན་རྟེན་རྙིངམ་ཅིག་ཨིན་མི་ ཁྱིམ་དེ་ དང་ཕུ་ལས་ར་ ཆགས་ཏེ་ཡོདཔ་ལས་ ས་གནས་ཀྱི་ མི་ཚུ་གིས་ ད་ལྟོའི་བར་ན་ཡང་ དྲན་ཤེས་དང་ ཡིད་ཆེས་བསྐྱེད་བཞིན་འདུག།
ཁྱིམ་དེ་ ཐིམ་ཕུག་ལས་ སྤ་རོ་གཞུང་ལམ་ཁར་ ས་གནས་ཁ་ས་གྲབ་ཆུ་འབྲིང་རིམ་སློབ་གྲྭ་ལས་ ནུབ་ཕྱོགས་ཁ་ཐུག་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་གནས་ཁར་ གཞུང་ལམ་གྱི་ལྟག་ལུ་ གྱེད་པ་གི་རྩ་བར་ སྡིང་གཤོང་ཅིག་ནང་ མཐོང་གསལ་བྱུང་ཚུགས་པས།
ཨིན་རུང་ ས་ཁོངས་དེ་ནང་ སོང་བལྟ་བའི་སྐབས་ དུ་པ་གིས་འཚོ་མི་ ཁྱིམ་ཐོག་གི་ཤིང་ལེབ་དང་ ཐོག་ཆ་ཚུ་ ག་ར་ རམ་སོང་སྟེ་ཡོདཔ་མ་ཚད་ ཨེ་ཁུ་དང་ སྒམ་སྐྱོར་ཚུ་ཡང་ཆགས་ཏེ་ ཉམས་ཆག་སྦོམ་སྦེ་ར་ཤོར་ཏེ་འདུག།
དེ་བཟུམ་སྦེ་ ཁྱིམ་གྱི་མཐའ་འཁོར་ཚུ་ཡང་ ཇོ་བདག་ར་ མེདཔ་བཟུམ་སྦེ་ རྩྭ་དང་ ཧོན་སྡོང་ཚུ་སྐྱེས་ཏེ་ སྣང་མེད་སྦེ་ བཞག་སར་མཐོངམ་ཨིན་པས།
ད་རེས་ ཁ་ཚ་ཁ་ལུ་ཡོད་པའི་ ཁྱིམ་རྙིངམ་དེ་ ལོ་རྒྱུས་དང་ བྱུང་རབས་ཀྱི་ རྩ་ཆེ་ཧིང་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་མི་མེདཔ་ཨིན་པས།
ས་གནས་ནང་ སྡོད་མི་ཚུ་དང་འཁྲིལ་བ་ཅིན་ ཐོག་ཚད་༣ འབད་མི་ རང་ལུགས་ཀྱི་ཁྱིམ་དེ་ གླང་འབྲོག་དྲུང་པའི་ གཟིམ་ཅུང་ཨིན་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་རྒྱུན་ལས་འབད་བ་ཅིན་ སྣག་ཚང་དེ་ དར་དཀར་དཔོན་སློབ་ ཕར་ཚུར་བྱོན་པའི་སྐབས་ ཁོ་གི་ གནསཔ་བཞུགས་ས་ཅིག་སྦེ་ ལག་ལེན་འཐབ་ཡོད་པའི་ ལོ་རྒྱུས་ཡང་འདུག་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པས།
ཧེ་མ་ ཁྱིམ་དེ་ སྣག་ཚང་ཅིག་ཨིན་རུང་ ཤུལ་ལས་ གཞིས་གསར་ཆགས་མི་ཚུ་ལུ་ བགོ་བཤའ་རྐྱབ་སྟེ་ སྤྲོད་ཡོདཔ་བཞིན་དུ་ ཁྱིམ་དེ་ནང་ རྩ་བོ་༤ སྦེ་སྡོད་ཡོདཔ་ལས་ ད་རེས་ནངས་པར་ཁྱིམ་དེ་ ཉམས་ཆག་ཤོར་ཏེ་ རྡོ་དང་ ཤིང་ཚུ་ འབུད་འོང་ནིའི་ ཉེན་ཁ་ཡོདཔ་ལས་ ད་ལྟོ་ ཁྱིམ་ནང་སྡོད་མི་ རྩ་བོ་གཅིག་ཡང་མེདཔ་ད་ ཁོང་ཆ་ཁྱབ་ཡང་ ཉེ་འདབས་ལས་ཕར་ ཁྱིམ་རྐྱབ་སྟེ་ སྡོད་སར་མཐོངམ་ཨིན་པས།
རྩ་བོ་ཅིག་ཨིན་མི་ སྐྱེས་ལོ་༨༥ ལང་མི་ ལྕང་ལུངམ་གིས་ སླབ་མིའི་ནང་ ཁྱིམ་དེ་ ལམ་འབྲོག་དྲུང་པའི་ གཟིམ་ཅུང་ཅིག་སྦེ་ ཡིད་ཆེས་བསྐྱེད་དོ་ཡོད་རུང་ ནམ་རྐྱབ་རྐྱབ་ཨིན་ན་ ཁ་གསལ་སྦེ་ཤེས་མི་ མིན་འདུག་ཟེར་ཨིན་པས།
ལྕང་ལུངམ་དང་འཁྲིལ་བ་ཅིན་ ཁྱིམ་གྱི་ནང་ན་ དྲུང་པའི་ དོས་བཞག་སར་དང་ གཟིམ་ཅུང་ དེ་ལས་ ཐབ་ཚང་ འོག་ཐོག་ལུ་ ནོར་བཞག་ས་ཚུ་ འདུག་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ཁྱིམ་དེ་མ་དཀྲོགས་པར་ ག་ཨིནམ་སྦེ་ བཞག་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཉམས་ཆག་སྦོམ་སྦེ་ར་ ཤོར་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ རྩ་བོ་ཚུ་གིས་ ཁྱིམ་དེ་ དཀྲོགས་མ་ཆོགཔ་སྦེ་ ཡོད་མི་སྐོར་ལས་ ཁ་གསལ་དང་ ཡིག་ཐོ་ཚུ་ ག་ནི་ཡང་ གསལ་སྟོན་འབད་ནི་མེདཔ་ཨིན་པས།
དེ་བཟུམ་སྦེ་ རྩ་བོ་གཞན་མི་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཁྱིམ་དེ་ནང་ལས་ ཁྱིམ་གསརཔ་ནང་ སྤོ་བཤུད་འབད་དེ་ ལོ་༢༠ དེ་ཅིག་ ལང་ཡོདཔ་ད་ ཁྱིམ་དེ་ནང་ སྡོད་མ་ཚུགས་མི་དེ་ཡང་ ཉམས་བཅོས་འབད་མ་ཚུགས་པར་ ཁྱིམ་ནང་ན་ ཆརཔ་འཛགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྱིམ་དེ་ནང་ཐོན་འཛུལ་གྱི་ སྒོ་གཅིག་ལས་བརྒལ་མེདཔ་ལས་ དེ་ནང་ རྩ་བོ་ག་ར་ སྡོད་དགོཔ་ལས་ སྟབས་མ་བདེཝ་ཐོན་ནུག་ཟེར་ཨིན་པས།
ཚར་ཅིག་ཉམས་བཅོས་འབད་ནི་སྦེ་ དཔའ་བཅམ་ཡོད་རུང་ གཞུང་གིས་ ཁྱིམ་དེ་ སྔར་ག་ཨིནམ་སྦེ་ བཞག་དགོ་པའི་ ལོ་རྒྱུས་ཅིག་ གོ་བའི་ཤུལ་ལུ་ འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ ཁྱིམ་དེ་ གཡུས་སྒོ་དེ་ནང་གི་ གནས་ཁང་བཟུམ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ ལོ་ཨ་རྟག་ར་ ཟླཝ་༩ པའི་ནང་ གཡུས་ཁའི་བཙན་སྲོལ་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཧེ་མ་འབད་བ་ཅིན་ བཙན་དེ་ ཁྱིམ་གྱི་ནང་ན་ སྲོལ་དོ་ཡོད་རུང་ ཁྱིམ་གྱི་གནས་སྟངས་ལེགས་ཤོམ་མེདཔ་ལས་ ལོ་དག་པ་ཅིག་གི་ཧེ་མ་ལས་ ཁྱིམ་གྱི་ཕྱི་ཁར་ གུར་སྤུབས་ཏེ་ སྲོལ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
མི་ཚུ་གིས་ བཤད་མིའི་ནང་ གལ་སྲིད་ བཙན་མ་སྲོལ་བ་ཅིན་ ཆར་ཆུ་དུས་སུ་མ་བབས་ ལོ་ཕྱུགས་རྟག་ཏུ་མ་ལེགསཔ་ལས་ རྒྱུན་མ་ཆད་པར་ སྲོལ་ནི་ཡོད་ཟེར་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༥༦ ལང་མི་པདྨོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༢ ལུ་ བཙན་དེ་ ས་གནས་གཞན་ཅིག་ནང་ སྲོལ་བའི་སྐབས་ གཡུས་སྒོ་དེ་ནང་ མི་ལེ་ཤ་ལུ་ ཤི་རྐྱེན་དང་ འཚུབས་ཆེན་ དེ་ལས་ སྟབས་མ་བདེཝ་ཚུ་ བྱུང་ཡི་ཟེར་ཨིན་པས།
དེ་ཡང་ མོ་བལྟ་ རྩིས་བལྟ་ཚུ་འབད་རུང་ བཙན་དགོངསམ་ཁྲེལ་ཡོདཔ་སྦེ་ ཐོན་མི་ལུ་བརྟེན་ ན་ཧིང་ལས་ འགོ་བཙུགས་ཏེ་ ལོག་སྟེ་ར་ཁྱིམ་ནང་ སྲོལ་ཡི་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ བཤད་མིའི་ནང་ གཡུས་སྒོ་དེ་ནང་ ཕྱག་དང་མཆོདཔ་ཕུལ་སའི་ ས་གོ་ཅིག་མེདཔ་ལས་ ཁྱིམ་དེ་ ཉམས་བཅོས་འབད་དེ་ ལྷ་ཁང་ཅིག་ བཟོ་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
སྨད་ཝང་རྒཔོ་ རྟ་མགྲིན་པདྨ་གིས་ ཁྱིམ་དེ་ ཧེ་མ་ལས་ གཞིས་ཆགས་མི་ཚུ་ལུ་ སྤྲོད་དེ་ཡོདཔ་ལས་ ཁོང་གིས་ བདག་འཛིན་འབད་དེ་ ཡོད་ཟེར་ཨིན་པས།
སྒེར་གྱི་ཁྱིམ་ཅིག་འབདཝ་ལས་ རྒེད་འོག་བདག་སྐྱོང་གིས་ ཉམས་བཅོས་དང་ དཀྲོགས་མ་ཆོགཔ་སྦེ་ སླབ་མ་ཚད་ གཞུང་གིས་ ཉམས་བཅོས་འབད་དགོཔ་ མེད་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁྱིམ་དེ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ལས་ སྲོལ་འཛིན་ལས་ཁུངས་ཀྱིས་ ཡིག་ཆ་ནང་ གནས་ཐོ་བཀོད་ཡོད་རུང་ ཉམས་བཅོས་འབད་ཆོགཔ་དང་ མ་ཆོགཔ་སྐོར་ལས་ བཀག་དམ་ཚུ་ ག་ནི་ཡང་ འབད་དེ་མེད་པའི་ཁར་ འབད་དགོཔ་ཡང་ མེདཔ་ཨིན་པས།
གལ་སྲིད་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཉམས་བཅོས་འབད་ནིའི་ དང་འདོད་ཡོད་པ་ཅིན་ ཁྱད་རིག་གི་རྒྱབ་སྐྱོར་དེ་ ལས་ཁུངས་ཀྱིས་ བྱིན་ནི་ཨིནམ་ད་ ད་རེས་ རྒེད་འོག་དང་ རྫོང་ཁག་ལུ་ ཇོ་བདག་ཚུ་གི་ ཁ་ཐུག་ལས་ ཡི་གུ་ག་ནི་ཡང་ ལྷོད་དེ་མེདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་ འཁྲིལ་བ་ཅིན་ ཁྱིམ་ནང་རྩ་བོ་༤ ཡོདཔ་ལས་ ཉམས་བཅོས་ཀྱི་ ཟད་འགྲོ་ཚུ་ བགོ་བཤའ་རྐྱབ་པའི་སྐབས་ ལ་ལོ་གིས་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ བདག་མེད་མཚམས་ཅིག་སྦེ་ ལུས་སོ་ནུག་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement