༉ སོ་ནམ་དང་ སྒོ་ནོར་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ཀྱིས་ ལ་མཐོ་ས་སྡོད་མི་དང་ གཡག་གི་སྤུའི་ཐོན་སྐྱེད་ ཡར་དྲག་བཏང་ཐབས་ལུ་ ལས་འགུལ་གསརཔ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
འདི་བཟུམ་གྱི་ལས་དོན་ལུ་ ལེགས་སྒྱུར་འབད་མི་གུར་དང་ དེང་སང་གི་ འཕྲུལ་ཆས་ཚུ་ ལ་མཐོ་སར་སྡོད་མི་ མི་སྡེ་ཚུ་ལུ་ བགོ་བཀྲམ་འབད་དེ་ གཡག་གི་སྤུའི་ཐོན་སྐྱེད་ སྤུས་ཚད་ཅན་བཟོ་ནི་དང་ འོང་འབབ་བཟོ་ནིའི་ རྒྱབ་སྐྱོར་འབད་དོན་ལུ་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱིས་ དེང་སང་གི་ ལམ་ལུགས་ཐོག་བཟོ་མི་གུར་གསརཔ་ཚུ་ ཐིམ་ཕུག་ གླིང་བཞི་རྒེད་འོག་གི་ ཁྱིམ་གུང་༣༠ ལུ་ སྤྱི་ཟླ་༨ པའི་ཚེས་༥ ལུ་ བགོ་བཀྲམ་འབད་ཡོདཔ་ད་ ལས་འགུལ་དེ་གི་ཐོག་ལས་ ཐིམ་ཕུག་ ཧཱ་ སྤ་རོ་ཚུ་ནང་ གུར་༩༡ དེ་ཅིག་ བགོ་བཀྲམ་འབད་ཚར་ཡོདཔ་བཞིན་དུ་ གུར་ཚུ་ལུ་ གོང་ཚད་ཡོངས་བསྡོམས་ དངུལ་ཀྲམ་༤,༣༩༡,༨༠༢ གནས་ཡོདཔ་ད་ གུར་དེ་ཡང་ རྒྱུ་ནའེ་ལཱོན་དང་ ཀ་བལ་གྱིས་བཟོ་བཀོད་འབད་ཐོག་ལས་ གནམ་གཤིས་ཀྱི་གནས་སྟངས་དང་བསྟུན་ བཀོད་རིས་འབད་མི་གིས་ ལ་མཐོ་སར་སྡོད་མི་ཚུ་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་ནི་ཨིན་པས།
ལས་འགུལ་དེ་ འབྲུག་གཞི་ཚོགས་ཀྱིས་ ཡུ་ཨེས་ཌི་༧༦,༧༦༥ གི་ཐོག་ལས་ བྱིན་ཡོདཔ་བཞིན་དུ་ གྲོགས་རམ་གྱི་གན་ཡིག་ཚུ་ སྤྱི་ལོ་༢༠༢༣ ཟླ་༦ པའི་ཚེས་༡༢ ལུ་ མཚན་རྟགས་བཀོད་དེ་ ལས་འགུལ་དེ་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༣༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
སྒོ་ནོར་གཙོ་འཛིན་འགོ་དཔོན་ རྟའུ་ཅུ་རབ་རྒྱས་ཀྱིས་ བཤད་མིའི་ནང་ འདི་བཟུམ་གྱི་ ལས་དོན་དེ་ གཙོ་བོ་ར་ གཡག་གསོ་སྐྱོང་དང་ གཡག་གི་སྤུའི་ཐོན་སྐྱེད་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ གུར་དང་ དེ་གི་ སྒྲིག་ཆའི་མཐུན་རྐྱེན་ ཨོམ་དཀྲོག་ནིའི་འཕྲུལ་ཆས་ དེ་ལས་ མགུ་ཤད་རྐྱབ་ནིའི་མཁོ་ཆས་ཚུ་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
ལས་འགུལ་གྱིས་ གུར་སྤུབ་ཐངས་དང་ ཨོམ་དཀྲོག་ནིའི་ འཕྲུལ་ཆས་བཙུགས་སྒྲིག་འབད་ནི་ལ་སོགས་པ་ཚུ་ ཧཱ་རྫོང་ཁག་ ཆུ་ན་ཕུག་གི་ གཡག་སོན་སྤེལ་ལྟེ་བ་ལུ་འབད་ཡོདཔ་ད་ དེ་ཚུ་ག་ར་ གཡག་གི་ཐོན་སྐྱེད་ལུ་ རྒྱབ་སྐྱོར་འབད་དོན་ལུ་ ཨིན་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱིས་ འབད་བ་ཅིན་ ལས་འགུལ་གྱི་ དམིགས་ཡུལ་དེ་ གུར་ལེགས་བཅོས་འབད་མི་ཚུ་ བགོ་བཀྲམ་འབདཝ་ད་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ཡང་ བདག་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ འདི་བཟུམ་གྱི་ལེགས་སྒྱུར་དེ་ ཇོ་མོ་ལྷ་རི་གི་ གངས་ཆེན་ལུ་ ཕན་ཐོགས་འབྱུང་ཐབས་ལུ་ མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་མེདཔ་སྦེ་ འབད་ཐབས་ཚུ་ཨིན་ཟེར་ཨིན་པས།
ལས་འགུལ་གྱིས་ གངས་གཟིག་གི་གདོང་ལེན་དང་ སྡོད་གནས་མེདཔ་ཐལ་མི་ འབྱོགཔ་ཚུ་གིས་ ཇོ་མོ་ལྷ་རི་གི་འོག་ལུ་ གཡག་རྩ་ སྲོས་ ན་རོ་ ནུབ་རི་ཚུ་ནང་དང་ ཧཱ་རྫོང་ཁག་གི་ ཆུ་ན་ཕུག་གཡག་སོན་སྤེལ་ལྟེ་བ་ལུ་ སྦྱིས་ དབུས་སུ་ སྐར་ཚོགས་ཚུ་ནང་ གཡག་བསད་ནི་ཚུ་ མར་ཕབ་འབད་དོན་ལུ་ཡང་ཨིན་པས།
ལས་འགུལ་གྱི་ དམིགས་ཡུལ་ཅིག་དེ་ ཇོ་མོ་ལྷ་རི་གི་མི་སྡེ་ཚུ་གི་ མི་ཚེའི་གནས་སྟངས་ལེགས་ལྡན་དང་ གངས་གཟིག་ཉམས་སྲུང་ ཡུན་བརྟན་གྱི་འོང་འབབ་བཟོ་དོན་ལུ་ ཨིན་ཟེར་ཨིན་པས།
འདི་དང་འབྲེལ་ གཡག་ལས་ཐོན་པའི་ གཡག་གི་སྤུ་གིས་ བཟོ་མིའི་ཐོན་སྐྱེད་ཚོང་འབྲེལ་དང་ མི་སྡེའི་བར་ན་བརྗེ་སོར་ གཡག་གི་སྤུ་ལག་ལེན་འཐབ་མི་ཚུ་ལུ་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
ད་རེས་འཕྲལ་ཁམས་ཅིག་ལས་ དབྱར་རྩྭ་དགུན་འབུབ་འཐུ་ནི་ལུ་ གཙོ་རིམ་སྒྲིག་མི་གིས་ གཡག་གསོ་སྐྱོང་འཐབ་མི་ རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡོདཔ་ད་ དེ་ཚུ་ལུ་དམིགས་ཏེ་ སྒོ་ནོར་ལས་ཁུངས་དང་ འབྲུག་གཞི་ཚོགས་ཀྱིས་ སྤྱི་ལོ་༢༠༢༣ ལས་༢༠༢༧ ཚུན་ལུ་ གཡག་ཐབས་བྱུས་ལག་ལེན་དུས་སྟོན་ཚུ་ འགོ་འདྲེན་འཐབ་ཡོདཔ་ད་ ཐབས་བྱུས་དེ་གིས་ གཡག་ཚུ་དཔལ་འབྱོར་དང་བསྟུན་མཉམ་འབྲེལ་དང་ ལཱ་གཡོག་ཡོདཔ་བཟོ་ནི་ རྒྱལ་ཡོངས་གོང་འཕེལ་ལུ་ ལྷན་གྲོགས་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབྲུག་ལས་བལ་གྱི་ཐོན་སྐྱེད་ མེ་ཊིག་ཊོན་༨.༧ འབད་བའི་ཁར་ དེ་ཡང་ སྤྱི་ལོ་༢༠༢༢ ལུ་མེ་ཊིག་ཊོན་༡༢.༥ འབད་མི་དང་ཕྱདཔ་ད་ རྒྱ་ཆེཝ་སྦེ་ར་ མར་བབས་སོང་པའི་ བརྡ་མཚོན་སྟོནམ་ཨིན་པས།
བལ་གྱི་ཐོན་སྐྱེད་དེ་ བརྒྱ་ཆ་༣༥ འབད་ཡོད་མི་ཚུ་ཡང་ བཀྲིས་སྒང་ ཐིམ་ཕུག་ དེ་ལས་ མགར་ས་ཚུ་ནང་ལས་ཨིན་པས།
ལོ་དེ་ནང་ར་ གཡག་༣,༣༦༧ སྟབས་ཅིག་ལུ་ཤི་བའི་ཁར་ ལ་མཐོ་སར་སྡོད་མི་རྫོང་ཁག་༡༡ ཡོད་ས་ལས་ ཡོངས་བསྡོམས་མི་གྲངས་༢༩,༦༩༩ ཡོདཔ་ད་ འདི་ཚུ་གི་གྲས་ལས་ གཡག་དང་གཅིག་ཁར་སྡོད་མི་དེ་༧༨༧ མ་གཏོགས་ མེདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement