༉ ཁ་ཙ་ འགོ་འབྱེད་འབད་མི་ རྩེད་རིགས་ཉེན་བཅོལ་གསརཔ་དེ་གིས་ འབྲུག་ཨོ་ལིམ་པིག་ཚོགས་ཆུང་དང་གཅིག་ཁར་ འབྲེལ་མཐུན་ཡོད་མི་ ལུས་རྩལཔ་དང་ སློབ་སྟོན་པ་ དེ་ལས་ རྩེདམོ་གི་ཁྱད་རིགཔ་ཚུ་གི་དོན་ལུ་ ཁེ་ཕན་གཞན་ཚུ་གི་གྲངས་སུ་ སྨན་བཅོས་ཟད་འགྲོ་དང་ རྐྱེན་ངན་རྨ་སྐྱོན་ཚུ་ ཚུདཔ་ཨིན་པས།
དེ་ཡང་ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ འབྲུག་ཨོ་ལིམ་པིག་ཚོགས་ཆུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཉེན་བཅོལ་ལས་རིམ་དེ་ འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་ཉེན་བཅོལ་ཚད་འཛིན་གྱི་ གཙོ་འཛིན་བཀོད་ཁྱབ་འགོ་དཔོན་ དམ་དི་རྡོ་རྗེ་གིས་ སླབ་མིའི་ནང་ རྩེད་རིགས་ཉེན་བཅོལ་ འགོ་བཙུགས་མི་དེ་ དུས་མཐུན་ཨིནམ་མ་ཚད་ ལུས་རྩལཔ་དང་ རྩེདམོ་གི་ཁྱད་རིགཔ་ཚུ་ གཟུགས་ཁམས་ཡར་དྲག་གཏང་ནིའི་དོན་ལུ་ མདུན་སྐྱོད་ཁག་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས།
ཉེན་བཅོལ་ལས་རིམ་དེ་གིས་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་རྩེད་འགྲན་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ལུས་རྩལཔ་ཚུ་གི་ ཉེན་བཅོལ་འབད་བའི་ཁར་ མིག་གིས་མ་མཐོང་པའི་ ཉེན་ཁ་ཚུ་ལས་ ཉེན་སྲུང་འབདཝ་ཨིན་ཟེར་ཨིན་པས།
རྒྱ་སྐྱེད་ལས་འཆར་དོན་ལུ་ ཉེན་བཅོལ་རིམ་སྤྲོད་དེ་ ལོ་བསྟར་བཞིན་དུ་ མི་རེ་ལུ་ དངུལ་ཀྲམ་༤,༨༣༢ ཨིནམ་ད་ དེ་གིས་ རྐྱེན་ངན་བྱུང་བའི་སྐབས་ལུ་ དངུལ་ཀྲམ་༨༠༠,༠༠༠ དང་ སྨན་བཅོས་ཟད་འགྲོ་དོན་ལུ་ དངུལ་ཀྲམ་༢༠༠,༠༠༠ གནས་པའི་ ཉེན་བཅོལ་འབདཝ་ཨིན་པས།
ཚད་ལྡན་འཆར་གཞི་དོན་ལུ་ ཉེན་བཅོལ་རིམ་སྤྲོད་དེ་ ལོ་བསྟར་བཞིན་དུ་ མི་རེ་ལུ་ དངུལ་ཀྲམ་༤,༡༡༢ དང་ རྐྱེན་ངན་བྱུང་བའི་སྐབས་ལུ་ དངུལ་ཀྲམ་༦༠༠,༠༠༠ དང་ སྨན་བཅོས་ཟད་འགྲོ་དོན་ལུ་ དངུལ་ཀྲམ་༢༠༠,༠༠༠ གནས་པའི་ ཉེན་བཅོལ་འབདཝ་ཨིན་པས།
རྩེདམོ་ལ་ལོ་ཅིག་ རྩེད་འགྲན་ཉུང་སུ་ཅིག་ལས་བརྒལ་མ་འབད་ནི་དེ་གིས་ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ དུས་ཐུང་ཉེན་བཅོལ་གདམ་ཁ་བཟོ་ཡོདཔ་ད་ དེ་ཡང་ ཉིན་གྲངས་༩༠ འོག་རྒྱུའི་དོན་ལུ་ ཉེན་བཅོལ་རིམ་སྤྲོད་བརྒྱ་ཆ་༨༠ དང་ ཉིན་གྲངས་༩༠ ལས་༡༨༠ ཚུན་ ཉེན་བཅོལ་རིམ་སྤྲོད་བརྒྱ་ཆ་༩༠ ཨིནམ་ད་ ཉིན་གྲངས་༡༨༠ ཡན་ཆད་ཀྱི་དོན་ལུ་ ཉེན་བཅོལ་རིམ་སྤྲོད་དེ་ ཧྲིལ་བུམ་ཨིན་པས།
ཡོངས་གྲགས་ཅན་གྱི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་མི་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ རྩེད་རིགས་ཉེན་བཅོལ་ལས་རིམ་དེ་ རྒྱལ་ཁབ་ནང་ རྩེདམོ་གི་ཁྱད་རིགཔ་ཚུ་ལུ་ ཕན་རླབས་ཆེ་བའི་ ཐབས་ལམ་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིནམ་ད་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ ལུས་རྩལཔ་ཚུ་གི་དོན་ལུ་ ཉེན་བཅོལ་ལས་རིམ་དེ་ གཙོ་རིམ་དྲག་ཤོས་ཅིག་ཨིནམ་ད་ འབྲུག་ལུ་ཡང་ འདི་བཟུམ་མའི་ ཉེན་བཅོལ་ལས་རིམ་ འགོ་བཙུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།