༉ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ སྒང་སྟེང་ ཕོབ་སྦྱིས་ཁའི་ཆུ་ཞིང་ཚུ་ ལོ་༡༠ ལྷག་སྟེ་ ལག་ལེན་འཆར་གཞི་ཐོག་ཡོད་མི་ དམིགས་བསལ་ཅན་གྱི་ སྐྱེ་ལྡན་གནས་སྟངས་ཉེན་སྐྱོབ་འབད་ནིའི་དོན་ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
སྒང་སྟེང་ ཕོབ་སྦྱིས་རམ་སར་ས་ཁོངས་དེ་ སྤྱི་ལོ་༡༩༧༡ ཟླ་༢ པའི་ནང་ ཨི་རཱན་ལུ་ རམ་སར་གྲོས་འཛོམས་སྐབས་ལུ་ ཆ་འཇོག་འབད་ཡོདཔ་ད་ རམ་སར་ས་ཁོངས་ ཐོ་བཀོད་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ རྒྱལ་སྤྱིའི་ ཡོངས་གྲགས་ཅན་གྱི་ཆུ་ཞིང་ཚུ་ གོང་འཕེལ་དང་ རྒྱུན་སྐྱོང་འཐབ་ནི་དེ་ འཛམ་གླིང་སྐྱེ་ལྡན་སྣ་ཚོགས་ཉམས་སྲུང་དང་ མིའི་ཚེ་སྲོག་ཡུན་བརྟན་བཞག་དོན་ལུ་ སྐྱེ་ལྡན་རིགས་སྣའི་ བྱ་རིམ་དང་བསྟུན་པའི་ ཞབས་ཏོག་ཚུ་ རྒྱུན་སྐྱོང་འཐབ་ནི་ཨིན་པས།
འབྲུག་གིས་ རམ་སར་གྱི་གན་ཡིག་ནང་ སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༡༠ ལུ་ གྲལ་གཏོགས་འབད་བའི་ཁར་ སྒང་སྟེང་ ཕོབ་སྦྱིས་ཀྱི་ ཆུ་ཞིང་ཚུ་ སྤྱི་ལོ་༢༠༡༤ ལུ་ ཐོ་བཀོད་གྲངས་སུ་བཙུགས་ཡོདཔ་བཞིན་དུ་ དེ་ཡང་ རྒྱལ་ཁབ་ནང་ ཨང་༣ པའི་གྲངས་སུ་དང་ དབང་འདུས་ལུ་འབད་བ་ཅིན་ ཨང་༢ པའི་གྲངས་སུ་ བཀོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐོ་བཀོད་འབད་བའི་ཤུལ་ལུ་ ས་ཁོངས་ཉམས་སྲུང་དོན་ལུ་ ལམ་སྟོན་ཀྱི་ཡིག་ཆ་ཚུ་ བཟོ་བཟོཝ་མེདཔ་སྦེ་ཨིན་པས།
ད་རེས་ འཕྲལ་ཁམས་ལུ་ ལག་ལེན་འཆར་གཞི་གསརཔ་ འགོ་འབྱེད་འབད་མིའི་ནང་ སྤྱི་ལོ་༢༠༢༥ ལས་འགོ་བཙུགས་ སྤྱི་ལོ་༢༠༣༤ ཚུན་ལུ་ ལག་ལེན་འཐབ་ཐོག་ལས་ མཉམ་འབྲེལ་ཐོག་ལུ་ འབད་བརྩོན་བསྐྱེད་མི་གིས་ གཙོ་རིམ་ཅན་གྱི་ བར་འབྲེལ་བ་ཚུ་ གཅིག་བསྡོམས་དང་ འབྲུག་པའི་ཚེ་སྲོག་ཉེན་སྲུང་ རྒྱལ་སྤྱི་ལྟེ་བ་གཅིག་སྒྲིལ་གོང་འཕེལ་ དེ་ལས་ རྒྱལ་གཞུང་རང་བཞིན་ཉེན་སྲུང་ཚུ་ ཚུད་ཡོདཔ་ཨིན་པས།
ལས་ཚོགས་འདི་ཚུ་གིས་ དགོས་མཁོ་ཆེ་བའི་འཆར་དངུལ་དང་ ཐོན་ཁུངས་ཚུ་ འཆར་གཞི་ལག་ལེན་གྱི་དོན་ལུ་ ཉེན་སྲུང་འབད་ནི་ཨིན་པས།
འཆར་གཞིའི་ནང་ ལས་རིམ་ཁག་༤༢ ཡོད་མི་ཚུ་ཡང་ རྒྱ་ཁྱབ་ཅན་གྱི་དམིགས་ཡུལ་༥ གི་འོག་ལུ་སྦེ་ ལོ་༡༠ གྱི་ནང་འཁོད་ འཆར་དངུལ་ དངུལ་ཀྲམ་ས་ཡ་༧༧.༤༥ ལག་ལེན་འཐབ་ནི་ ཨིན་ཟེར་ཨིན་པས།
འཆར་གཞི་ནང་ མཉམ་འབྲེལ་ཉམས་སྲུང་ཐབས་བྱུས་དང་ དཔལ་འབྱོར་གོ་སྐབས་རྒྱ་སྐྱེད་འབད་དེ་ གློ་བུར་གྱི་གདོང་ལེན་ གནམ་གཤིས་འགྱུར་བགྲོད་དང་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་མི་གཞི་རྟེན་དང་ ཞིབ་འཚོལ་ཚུ་གིས་ མ་འོངས་འཛིན་སྐྱོང་གི་ལམ་སྟོན་ འབད་ནི་ཨིན་ཟེར་ཨིན་པས།
ད་ལྟོའི་གྲོས་གཞི་དེ་ ཆུ་ཞིང་ཚུ་ ཡུན་རིང་གི་ཉམས་སྲུང་དང་ ཡུན་བརྟན་ལག་ལེན་དོན་ལུ་ ངེས་བརྟན་བཟོ་ནི་དང་ བར་འབྲེལ་བ་དང་ ཐབས་ལམ་སྟོན་མི་ཚུ་ལུ་ འབྲེལ་གནད་ཅན་གྱི་ མ་དངུལ་རྒྱབ་སྐྱོར་ཚུ་འབད་དེ་ མཉམ་འབྲེལ་དང་ བཅའ་མར་གཏོགས་བཅུག་ནི་ཚུ་ཡོདཔ་ཨིན་པས།
དེ་གིས་སྦེ་ སྐྱེ་ལྡན་གནས་སྟངས་ནང་ རྩ་བརྟན་འཛིན་སྐྱོང་ལས་རིམ་དྭངས་གསལ་དང་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་ འཕྲོ་མཐུད་འབད་ནི་ དེ་ལས་ མཐའ་འཁོར་གྱི་མི་སྡེ་ཚུ་ལུ་ ཞི་བདེ་འབྱུང་ཐབས་བཟོ་ནི་ཨིན་པས།
སྒང་སྟེང་ ཕོབ་སྦྱིས་རམ་སར་ས་ཁོངས་དེ་ནང་ སའི་ཁྱབ་ཚད་ཧེག་ཊརསི་༩༦༡ ཚུད་ཡོད་མི་དེ་ སྦོམ་ཤོས་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ཆུ་ཞིང་སྐྱེ་ལྡན་ཅན་གྱི་ས་ཁོངས་ ལེགས་ཤོམ་ཅིག་ཨིནམ་བཞིན་དུ་ དེ་ཚུ་ ཁྲུང་ཁྲུང་སྐེ་ནག་གི་ འཁྱམས་ས་ཨིནམ་ད་ རྒྱལ་ཁབ་ནང་ གནམ་དགུན་གྱི་སྐབས་སུ་ ཁྲུང་ཁྲུང་སྐེ་ནག་འཁྱམས་ས་སྦོམ་ཤོས་ཅིག་སྦེ་ གནས་ཡོདཔ་ཨིན་པས།
ས་ཆ་ཧེག་ཊརསི་༩༦༡.༥༦ ལུ་ རྒྱ་སྐྱེད་འབད་ནི་ཨིན་མི་ སྒང་སྟེང་ ཕོབ་སྦྱིས་རམ་སར་ས་ཁོངས་དེ་ ས་ཆ་ལག་ལེན་ལག་ཁྱེར་ ཁག་གཉིས་ཀྱི་ཐོག་ལུ་ ཐོ་བཀོད་འབད་དེ་ཡོདཔ་ད་ དེ་གི་གྲངས་སུ་ སྒང་སྟེང་ལུ་ ས་ཆ་ཧེག་ཊརསི་༤༦༧.༨༣ དང་ ཕོབ་སྦྱིས་ཁ་ལུ་ ས་ཆ་ཧེག་ཊརསི་༤༩༣.༧༣ ཚུད་ཡོདཔ་ལས་ ས་ཁོངས་གཉིས་ཆ་ར་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་ མིང་ཐོག་ཁར་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།
ས་ཁོངས་གཞན་མི་གཉིསཔོ་དེ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་དང་ དབང་འདུས་ མཁོ་ཐང་ཁ་ཚུ་ནང་ཨིནམ་ད་ ས་ཁོངས་དེ་གསུམ་གཅིག་ཁར་བསྡོམས་ད་ ས་ཆ་ཧེག་ཊརསི་༡,༢༢༦ ཡོདཔ་ལས་ དེ་ཚུ་ནང་ ཡོངས་གྲགས་ཅན་གྱི་ ཁྲུང་ཁྲུང་སྐེ་ནག་ཚུ་ འཁྱམས་སྡོད་ས་ཨིན་པས།
དེ་འབདཝ་ད་ ས་ཁོངས་ཚུ་ནང་ འཇིགས་སྣང་ལེ་ཤ་ཡོད་མི་ཚུ་ཡང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གནོད་སྐྱོན་རྐྱབ་པའི་ཁར་ ཡུན་བརྟན་གོང་འཕེལ་ ལེགས་ལྡན་མེད་མི་ཚུ་གིས་ཡང་ ཧེང་སྐལ་ར་ གནོད་པ་རྐྱབ་དོ་ཡོདཔ་ཨིན་པས།
ད་རུང་གཞན་ཡང་ ཆུ་ཞིང་མར་བབས་འགྱོ་མི་དང་ ཕྱགས་སྙིགས་འཛིན་སྐྱོང་ལེགས་ལྡན་མེད་མི་ ཆུའི་རྐ་ཁ་སྟོར་སོང་མི་ ཞིང་ནང་བཟོ་སྦྱོར་ཅན་གྱི་ ལུད་ལག་ལེན་འཐབ་མི་ སོ་ནམ་དང་འབྲེལ་བའི་ནད་འབུབ་ ས་ཆ་ཚུལ་མཐུན་ལག་ལེན་མ་འཐབ་པར་ ཧམ་འཛུལ་འབད་མི་གིས་ རི་དྭགས་ཀྱི་ སྡོད་གནས་མར་བབས་སོང་ཡོདཔ་མ་ཚད་ ཁྲུང་ཁྲུང་སྐེ་ནག་གི་ གཟནམ་ཟ་ས་ཚུ་ཡང་ མེདཔ་བཏང་དོ་ཡོདཔ་ཨིན་པས།
ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་གིས་ འཆར་གཞི་ཚུ་ལུ་ ལག་ལེན་ལྟ་རྟོག་ཚུ་འབད་ནི་ཨིན་པས།
སྤྱི་ཚོགས་ནང་ལས་ སྤྱི་ལོ་༢༠༡༢ ལུ་ རམ་སར་གྱི་ས་ཁོངས་གསུམ་ ཆ་འཇོག་གནང་ཡོདཔ་ད་ ལོ་དེ་ནང་ར་ འབྲུག་འདི་ རམ་སར་ནག་ཡིག་ གྲོས་འཛོམས་ཚོགས་པའི་གྲངས་སུ་༡༦༡ པའི་ནང་ ཚུད་ཡོདཔ་ཨིན་པས།
རམ་སར་གྱི་ གན་ཡིག་ཐོ་བཀོད་གྲངས་སུ་ རྒྱལ་ཁབ་༡༧༢ ཡོད་མི་ལས་ ཆུ་ཞིང་༢,༤༠༠ ཚུད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།