༉ ཉིནམ་༢ ཀྱི་རིང་ མི་དང་རི་དྭགས་སེམས་ཅན་ཚུ་གི་བར་ན་ བྲེལ་ཟིང་དང་ རང་བཞིན་གྱི་ རྐྱེན་ངན་ཚུ་ལུ་བརྟེན་ ལོ་ཐོག་ལུ་ གནོད་སྐྱོན་བྱུང་མི་གི་ རྒུད་འཐུས་སྤྲོད་ནིའི་ སྲིད་བྱུས་བསྐྱར་ཞིབ་གུ་ གསུང་གྲོས་གནང་བའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༢ ལུ་ མཐའ་དཔྱད་གསུང་གྲོས་གནངམ་ད་ གྲོས་ཐག་གཅད་ནི་ཨིན་པས།
ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ སངས་རྒྱས་རྡོ་རྗེ་གིས་ གསུངས་མིའི་ནང་ གནད་དོན་དེ་གི་སྐོར་ལས་ མཐའ་དཔྱད་སྙན་ཞུ་དེ་ ཚོགས་ཁང་ནང་ཕུལ་ཞིནམ་ལས་ ཚོགས་དམངས་ལས་ རང་སོའི་ཚ་གྱང་དང་ གོ་བསྡུར་ དེ་ལས་ རྩོད་བསྡུར་ཚུ་ མཐིལ་ཕྱིན་སྦེ་ར་ གནང་ཡི་ཟེར་ཨིན་པས།
ཚོགས་ཆུང་གིས་ གྲོས་འདེབས་༤ ཕུལ་མིའི་གུ་ གསུང་གྲོས་རྒྱས་པར་གནང་པའི་ཁར་ ཕྱི་སེལ་ནང་སེལ་རྐྱབ་སྟེ་ དབྱེ་ཁག་མ་འདྲཝ་སྦེ་ བཟོ་དགོ་པའི་སྐོར་ལས་ཡང་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྲིད་བྱུས་དེ་ ལག་ལེན་འཐབ་པའི་སྐབས་ མགུ་རྙོགས་དྲགས་མེདཔ་སྦེ་ བསྟར་སྤྱོད་འབད་ཚུགས་ནི་དང་ རྒྱུན་སྐྱོན་འབདཝ་ད་ལུ་ཡང་ དགོ་པའི་སྐབས་ ལག་ལེན་འཐབ་ནི་དང་ མ་དགོ་པའི་སྐབས་ ཕར་འཕུད་རྐྱབ་སྟེ་ བཞག་ནི་མེན་པར་ རྫོང་ཁག་༢༠ ག་ར་གི་གནས་སྟངས་ཚུ་ སེམས་ཁར་བཞག་སྟེ་ ལག་ལེན་འཐབ་ནི་དང་ གཙུག་སྡེ་ཚུ་གིས་འབད་རུང་ ལག་ལེན་མ་འཐབ་པར་བཞག་པ་ཅིན་ དེ་གི་འགན་འཁྲི་དང་ འགན་ཁུར་ཚུ་ཡང་ ག་དེ་སྦེ་བཀལ་ནི་ཨིན་ནའི་སྐོར་ གྲོས་འདེབས་༤ ནང་ བཀལ་དགོཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ ཚོགས་ཆུང་གིས་ བདུན་ཕྲག་༢ ཀྱི་རིང་ ཚོགས་ཁང་ནང་ གསུང་གྲོས་གནང་དགོ་པའི་ གནད་དོན་དང་ གྲོས་འདེབས་ཁ་སྐོང་བཀལ་དགོཔ་ཡོད་མི་ཚུ་གུ་ བསྟར་སྤྱོད་འབད་མི་ཚུ་ མཐའ་དཔྱད་གསུང་གྲོས་གནངམ་དང་འབྲེལ་ ཆ་འཇོག་མཛད་འབད་ནི་སྦེ་ བཀོད་རྒྱ་གནང་ཡི།
རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་༦ པའི་ནང་ རང་བཞིན་ཐོན་སྐྱེད་དང་མཐའ་འཁོར་ཚོགས་ཆུང་གི་ཁྲི་འཛིན་ ཆེད་བསྟོད་ཅན་གྱི་འཐུས་མི་ ཨྱོན་ཚེ་རིང་དང་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ མི་དང་རི་དྭགས་སེམས་ཅན་ཚུའི་བར་ན་ བྲེལ་ཟིང་དང་ རང་བཞིན་རྐྱེན་ངན་ལས་བརྟེན་ ལོ་ཐོག་ལུ་ གནོད་སྐྱོན་བྱུང་ཡོད་པའི་ རྒུད་འཐུས་སྲིད་བྱུས་བསྐྱར་ཞིབ་གུ་ ངོ་སྤྲོད་གསལ་ཞུ་ཕུལ་གནང་ནུག།
གསལ་ཞུ་འདི་ནང་ བསྐྱར་ཞིབ་ཀྱི་ངོ་སྤྲོད་དང་རྒྱབ་ཁུངས་ དམིགས་ཡུལ་དང་ ཐབས་ལམ་ དེ་ལས་ རྩོམ་རིག་དབྱེ་དཔྱད་དང་བཅས་ གྲོས་འདེབས་ཁག་༤ པོ་དེ་་ཡང་ རྒུད་འཐུས་མཉམ་སྒྲིག་དང་ གཞུང་གི་ལས་བྱེད་ཚོགས་ཆུང་ ལོག་བསྐྱར་ཞིབ་འབད་དེ་ ལག་ལེན་འཐབ་དགོཔ་ དེ་ལས་ རྒུད་འཐུས་ཀྱི་བཅའ་ཁྲིམས་དང་ ཉེན་བཅོལ་ཚུ་གུ་ ཚོགས་དམངས་ལུ་ སྙན་ཞུ་ཡོངས་སུ་རྫོགསཔ་སྦེ་ ཕུལ་ཡི།
ཀྲོང་གསར་གྱི་འཐུས་མི་ རིན་འཛིན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ མ་གཞི་ རྫོང་ཁག་དེ་ གི་རྒེད་འོག་ཚུ་ནང་ རི་དྭགས་སེམས་ཅན་སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོད་རུང་ ད་ལྟོ་ཚུན་ རྒུད་འཐུས་ཚུ་ འོས་འབབ་དང་ལྡནམ་སྦེ་ འཐོབ་མ་ཚུགས་པའི་དཀའ་ངལ་ཚུ་ འཐོན་དང་ཐོན་བཞིན་དུ་ཡོད་ཟེར་ཨིན་པས།
འཐུས་མི་གིས་ ཞུ་མིའི་ནང་ གནོད་སྐྱོན་རྐྱབ་མི་ སེམས་ཅན་རེ་ལུ་ རྒུད་འཐུས་དངུལ་ཀྲམ་༦༥༦ ལས་བརྒལ་ཐོབ་མ་ཚུགས་མི་དེ་ ཉེན་བཅོལ་འབད་མི་དང་ སྐྱིད་སྡུག་དངུལ་ཀྲམ་༡༥,༠༠༠ འབད་མི་དེ་ སླ་བསྲེས་འབད་ནི་ མི་འོང་ཟེར་ཨིན་པས།
སྣུམ་འཁོར་དང་ ཁྱིམ་ཚུ་གི་ ཉེན་བཅོལ་འབད་མི་དེ་ གཅིག་མ་གཏོགས་ སེམས་ཅན་སྟག་དང་ རི་ཕག་སྦེ་ ལོགས་སུ་སྦེ་མེདཔ་ལས་ གྲོས་འདེབས་ཕུལ་བའི་ཁར་ རང་བཞིན་གྱི་རྐྱེན་ངན་དང་ གནད་གཞི་ལུ་བརྟེན་ སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་མི་དེ་ཡང་ རྒུད་འཐུས་གྲངས་སུ་ཚུད་དགོཔ་འདུག་ཟེར་ཞུ་ཡི།
ཧཱ་གི་ཐུས་མི་དང་ ཚོགས་སྡེའི་ཁྲི་འཛིན་འོགམ་ དར་མགོ་ཚེ་རིང་ལ་གིས་ ཞུ་མིའི་ནང་ སྒོ་ནོར་སེམས་ཅན་དང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་སྐབས་ རྒུད་འཐུས་སྤྲོད་ནིའི་སྲིད་བྱུས་དང་ ལམ་ལུགས་ཚུ་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་དང་ སོ་ནམ་དང་སྒོ་ནོར་ལུ་ཡང་ཡོད་རུང་ ཁ་གཏོར་ཏེ་ཡོདཔ་ལས་ སྲིད་བྱུས་དང་ལམ་ལུགས་གཅིག་སྦེ་ མཐུན་སྒྲིག་འབད་དགོཔ་འདུག་ཟེར་ཞུ་ཡི།
བུམ་ཐང་གི་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ ཞུ་མིའི་ནང་ བུམ་ཐང་ལུ་ མི་སེར་བརྒྱ་ཆ་༩༠ དེ་ཅིག་གིས་ ཀེ་བ་འཛུགས་སྐྱོང་འབད་དོ་ཡོདཔ་ད་ རང་བཞིན་གྱི་རྐྱེན་ངན་ ཁྱེགས་ལུ་བརྟེན་པའི་ ལོ་ཐོག་མེདཔ་བཏང་པའི་སྐབས་ མི་སེར་ཚུ་ལུ་ གྱོང་རྒུད་སྦོམ་ཕོག་ཉེན་ཡོདཔ་བཞིན་དུ་ ཚོགས་ཆུང་གི་ སྙན་ཞུའི་ནང་ རྒུད་འཐུས་མ་བྱིན་པ་ཅིན་ མི་སེར་ལུ་ དཀའ་ངལ་དང་ བཟའ་སྤྱོད་ཉེན་སྲུང་ དཔལ་འབྱོར་གྱི་སྐོར་ལས་ དོན་ཚན་མ་འཁོད་པས་ཟེར་ཨིན་པས།
ལྷག་པར་དུ་ ད་རེས་ཀྱི་ རྒུད་འཐུས་ཀྱི་སྙན་ཞུ་གུ་ ཆ་འཇོག་དེ་ ད་རེས་ཀྱི་ཚོགས་ཐེངས་ནང་ར་ ཆ་འཇོག་འགྲུབ་ནི་དང་ གནམ་དགུན་ལུ་ ཕར་འཕུད་རྐྱབ་ནི་མེདཔ་སྦེ་ འཐུས་མི་གིས་ཞུ་ཡི།
མོང་སྒར་གྱི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ ཞུ་མིའི་ནང་ རྒུད་འཐུས་ལུ་བརྟེན་པའི་ ཉེན་ཁ་ཡང་ཡོདཔ་ལས་ སྙན་ཞུ་ནང་ མ་འཁོད་པར་ཡོདཔ་ལས་ མི་སེར་ཚུ་ཡང་ བག་ཡེངས་འགྱོ་ནི་དང་ ཉེན་ཁ་དེ་ ག་ཅི་དང་ ག་ཅི་ར་ཡོད་ག་དང་ སྔོན་འགོག་འབད་ཐབས་ཀྱི་རིམ་པ་ཚུ་ འཁོད་དགོཔ་སྦེ་ གྲོས་འཆར་ཕུལ་ཡི།
ཚོགས་ཆུང་གི་ཁྲི་འཛིན་ ཨྱོན་ཚེ་རིང་གིས་ དོགས་སེལ་འབད་མིའི་ནང་ མཐའ་དཔྱད་ཀྱི་ གསུང་གྲོས་གནངམ་ད་ འཐུས་མི་ཚུ་གིས་ གྲོས་འདེབས་ཕུལ་མི་དང་ དོན་ཚན་ཚུ་ག་ར་ ཚུད་ཚུགསཔ་སྦེ་འབད་ནི་ཨིན་ཟེར་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་འོགམ་ སྐལ་བཟང་ལྷུན་གྲུབ་ཀྱིས་ ཞུ་མིའི་ནང་ སྒོ་ནོར་ལས་ཁུངས་ཀྱིས་ རྒུད་འཐུས་སྤྲོད་ནི་དེ་ གནད་སྡུད་དང་འཁྲིལ་ཏེ་ རྒྱ་ཆེ་དྲགས་དེ་ ལོ་ཐོག་༥ དང་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱེད་རྐྱབ་མི་ སྒོ་ནོར་སེམས་ཅན་ཚུ་ ངོས་འཛིན་འབད་དགོཔ་འདུག་ཟེར་ དོགས་སེལ་འབད་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
ཚོགས་ཆུང་གི་ཁྲི་འཛིན་ ཨྱོན་ཚེ་རིང་།
ཚོགས་ཆུང་གི་ཁྲི་འཛིན་འོགམ་ སྐལ་བཟང་ལྷུན་གྲུབ།