༉ བཀྲིས་སྒང་རྫོང་ཁག་ནང་ སོ་ནམ་པ་ཚུ་གིས་ མིའི་ཚེ་སྲོག་ལུ་ཉེན་ཁ་ཡོད་རུང་ ཁོང་རའི་ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ བསྲུང་ཐབས་ལུ་ གློག་ཤུགས་མར་ཕབ་འབད་མི་ འཕྲུལ་ཆས་ལག་ལེན་མ་འཐབ་པར་ གློག་རྒྱུན་ལག་ལེན་འཐབ་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ ཕྱི་རུ་རང་སོའི་ཁྱིམ་ནང་ལས་ གསང་བའི་ཐོག་ལས་ གློག་ཐག་འཐེན་ཞིནམ་ལས་ ལག་ལེན་འཐབ་དོ་ཡོདཔ་ད་ དྲོ་པར་ གནམ་ལངམ་ད་ ལོག་བསྡུ་བཞག་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ གློག་རྒྱུན་ལུ་བརྟེན་ གཡང་གཉེར་རྒེད་འོག་གི་སོ་ནམ་པ་ རྒས་ཤོས་གཉིས་ཀྱི་ ཚེ་སྲོག་ལུ་ཉེན་ཁ་བྱུང་ཡོདཔ་ད་ གནད་དོན་དེ་ སེམས་སྡུག་བཅུག་པའི་གཞི་གནས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ འཁྲིལ་བ་ཅིན་ སོ་ནམ་པ་ཚུ་གིས་ གློག་མེའི་མི་ཊར་སྒྲོམ་དང་ རང་སོའི་ཁྱིམ་ནང་ལས་ གློག་རྒྱུན་ནུས་ཤུགས་ཡོད་མི་དེ་ ལག་ལེན་འཐབ་མས་ཟེར་ཨིན་པས།
མིའི་ཚེ་སྲོག་ལུ་ ཉེན་ཁ་ཡོད་རུང་ སོ་ནམ་པ་ཚུ་གིས་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་བསྲུང་ཐབས་ལུ་ ཉི་དྲོད་ཀྱི་གློག་ཐག་ལས་ གློག་མེའི་གློག་རྒྱུན་དེ་ར་ ལག་ལེན་འཐབ་མས་ཟེར་ ཚོགས་པ་ཅིག་གིས་ བཤད་པའི་ཁར་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ རི་དྭགས་སེམས་ཅན་དང་ མིའི་འབྲེལ་ཟིང་གི་དཀའ་ངལ་ བསལ་ཐབས་ལུ་ ཐབས་ཤེས་གཞན་ བཏོན་དགོཔ་འདུག་ཟེར་ཨིན་པས།
ར་ལྡི་རྒེད་འོག་ལས་ཨིན་མི་ སོ་ནམ་པ་ བཀྲིས་ཕུན་ཚོགས་ཀྱིས་ འབད་བ་ཅིན་ གཞུང་གིས་ ཉི་དྲོད་ལུ་བརྟེན་པའི་ གློག་ཐག་གནང་ཡོད་རུང་ གློག་རྒྱུན་ཤུགས་མེདཔ་ལས་ རི་དྭགས་སེམས་ཅན་དེ་ཅིག་ར་ བཀག་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་རྒྱུན་ཤུགས་ཚད་མེད་པའི་ཁར་ འཕྲལ་འཕྲལ་ར་ གློག་རྒྱུན་འོང་ནི་མེདཔ་ལས་ རི་དྭགས་སེམས་ཅན་ཚུ་ བཀག་སྲུང་དེ་ཅིག་ར་ འབད་མི་ཚུགས་པས་ཟེར་ཨིན་པས།
གཤོང་ཕུག་རྒེད་འོག་ལས་ སྐྱེས་ལོ་༦༧ ལང་མི་ བསྟན་འཛིན་གྱིས་འབད་རུང་ གནད་དོན་ཅོག་གཅིགཔོ་སྦེ་ བཤད་དོ་ཡོདཔ་ད་ ཧེ་མ་དང་ཕྱདཔ་ད་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོདཔ་བཀལ་མིའི་གནད་དོན་ མར་ཕབ་སོང་ཡོད་རུང་ ཉི་དྲོད་གློག་ཤུགས་དེ་ཅིག་ར་མེདཔ་ལས་ སོ་ནམ་པ་ཚུ་གིས་ གློག་རྒྱུན་དེ་ར་ལག་ལེན་འཐབ་ནི་ནང་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
སོ་ནམ་པ་ལ་ལོ་ཅིག་གིས་ འབད་བ་ཅིན་ ཉི་དྲོད་ལས་བརྟེན་པའི་གློག་ཐག་ཚུ་ འཛིན་སྐྱོང་འབད་དགོཔ་ ལེ་ཤ་ཡོད་པའི་ཁར་ འཕྲལ་འཕྲལ་ར་ མེདཔ་ཐལ་ནི་ལས་ རི་དྭགས་སེམས་ཅན་ ཧམ་འཛུལ་འབད་དེ་ ལོ་ཐོག་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
རི་དྭགས་སེམས་ཅན་ཀྱི་དཀའ་ངལ་དང་ དེའི་གནད་དོན་བསལ་ཐབས་འབད་ནི་ལུ་ ས་གནས་གཞུང་གིས་འགོ་དཔོན་ཚུ་ལུ་ ཐབས་ཤེས་སྣ་ཚོགས་བཏོན་དོ་ཡོད་རུང་ དཀའ་ངལ་བསལ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
གློག་རྒྱུན་ལུ་བརྟེན་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་བྱུང་དོ་ཡོད་རུང་ གནད་དོན་ཚུ་ གསང་བཞག་དོ་ཡོདཔ་མ་ཚད་ དེ་དང་འབྲེལ་བའི་ སྙན་ཞུ་འབད་མི་ཡང་ མི་འོང་པས་ཟེར་ རྒཔོ་ཅིག་གིས་ བཤད་པའི་ཁར་ གནད་དོན་ག་ཅི་ལུ་བརྟེན་ ཤི་ཡོདཔ་ཨིན་ན་ དྲི་དཔྱད་འབད་རུང་ ཕྲང་སླབ་མི་སྐྱོན་པས་ཟེར་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱིས་ ཁྲིམས་འགལ་ཐོག་ལས་ གློག་ཐག་ལག་ལེན་འཐབ་མི་དེ་ ཉེན་ཁ་ཅན་ཅིག་ཨིནམ་མ་ཚད་ དེ་གིས་ མི་དང་རི་དྭགས་སེམས་ཅན་གཉིས་ཆ་ར་ལུ་ ཉེན་ཁ་ཡོདཔ་ལས་ ལག་ལེན་འཐབ་ནི་ལས་ འཛེམ་དགོ་པའི་བསྐོར་ལས་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ཡོད་པའི་ འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གློག་ཤུགས་མར་ཕབ་འབད་མི་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ གློག་རྒྱུན་ལག་ལེན་འཐབ་པ་ཅིན་ ཁྲིམས་འགལ་མེན་ཟེར་ཨིནམ་ད་ ད་རེས་ ཡིག་ཚང་གིས་ ལྟ་རྟོག་སྒྲིང་སྒྲི་འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་ཐག་ཉེན་སྲུང་གི་བསྐོར་ལས་ མི་མང་ལུ་ གོ་བརྡ་སྤེལ་དོ་ཡོདཔ་མ་ཚད་ ད་ལྟོ་ཚུན་ཚོད་ རྒེད་འོག་༣ ནང་ གོ་བརྡ་སྤེལ་ཚར་ཡི་ཟེར་ཨིནམ་ད་ ཁྲིམས་འགལ་ཐོག་ལས་ ལག་ལེན་འཐབ་མི་ འཛིན་བཟུང་འབད་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
གཡང་གཉེར་དམངས་མི་ ཡེ་ཤེས་ལྷ་མོ་གིས་ འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ལྕགས་སྐུད་ར་བ་ལག་ལེན་འཐབ་ནི་ལུ་ ཞུ་བ་འབད་དོ་ཡོད་རུང་ མ་དངུལ་མེདཔ་ལས་ དཀའ་ངལ་སྦོམ་འདུག་ཟེར་ཨིནམ་ད་ གལ་སྲིད་དེ་བྱིན་པ་ཅིན་ ཉེན་ཁ་ཡང་ཆུང་ནི་མས་ཟེར་ཨིན་པས།
ར་ལྡི་རྒཔོ་ ཡོན་ཏན་ཕུན་ཚོགས་ཀྱིས་ འབད་བ་ཅིན་ གྱང་རྩིགཔ་རྐྱབ་མི་ཐོག་ཁར་ ཉི་དྲོད་ལུ་བརྟེན་པའི་ གློག་ཐག་བཀྲམ་སྤེལ་ འབད་བ་ཅིན་ དེ་གིས་ ཟད་འགྲོ་ཉུང་བའི་ཁར་ ལེགས་ཤོམ་འགྱོ་ནི་མས་ཟེར་ཨིནམ་ད་ གནད་དོན་དེ་ རྫོང་ཁག་ནང་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ལ་ལོ་ཅིག་གིས་ འབད་བ་ཅིན་ ཉི་དྲོད་ལུ་བརྟེན་པའི་ གློག་ཐག་ལྷོད་པའི་ཤུལ་ལུ་ གློག་རྒྱུན་ལག་ལེན་འཐབ་མི་ མར་བབས་སོང་ཡི་ཟེར་ཨིན་པས།
ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ བསྲུང་ཐབས་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཡོད་རུང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོད་པ་བསཀལ་མིའི་ གནད་དོན་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།

Advertisement