༉ དུས་ཅི་ལོའི་ བཞི་དཔྱ་དང་པ་ ཟླཝ་༣ གྱི་ནང་འཁོད་ ན་གཞོན་ལཱ་གཡོག་མེད་པའི་ གནས་ཚད་བརྒྱ་ཆ་༢༢.༩ ཡོད་ས་ལས་ ལོ་ཕྱེད་ཀྱི་ནང་འཁོད་ལུ་འབད་བ་ཅིན་ བརྒྱ་ཆ་༡༩.༢ ལུ་ མར་བབས་སོང་ཡོད་པའི་ ཚོད་རྩིས་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ གསར་བཏོན་འབད་མི་ ལཱ་གཡོག་ལས་མི་ཞིབ་འཇུག་གི་ སྙན་ཞུ་དང་འཁྲིལ་ འབད་འབདཝ་ཨིན་པས།
ལོ་འདི་གི་ ལོ་ཕྱེད་ལུ་ ན་གཞོན་ལཱ་གཡོག་མེད་མི་ ཡོངས་བསྡོམས་༧,༩༠༣ ཡོད་ས་ལས་ ཕོ་སྐྱེས་༤,༡༨༧ དང་ ཨམ་སྲུ་༣,༧༡༦ ཡོདཔ་སྦེ་ཨིན་པས།
དེ་གིས་ ན་གཞོན་ལཱ་གཡོག་མེད་པའི་ ཚད་གཞི་དེ་ ཕོ་སྐྱེས་བརྒྱ་ཆ་༡༨.༩ དང་ ཨམ་སྲུ་བརྒྱ་ཆ་༡༩.༦ ཡོདཔ་སྦེ་ཨིན་པས།
ཁྲོམ་སྡེ་དང་ གྲོང་གསེབ་ཀྱི་བར་ན་འབད་བ་ཅིན་ ཁྲོམ་སྡེའི་ནང་ ན་གཞོན་ལཱ་གཡོག་མེད་མི་ བརྒྱ་ཆ་༢༡.༧ ཡོདཔ་ད་ གྲོང་གསེབ་ནང་འབད་བ་ཅིན་ བརྒྱ་ཆ་༡༦.༧ ཡོདཔ་སྦེ་ཨིན་པས།
ལཱ་གཡོག་གི་ གནད་དོན་དང་འཁྲིལཝ་ད་ ན་གཞོན་ལཱ་གཡོག་མེད་པའི་ ལོ་ཚད་དེ་ཡང་ སྐྱེས་ལོ་༡༥ དང་༢༤ གི་བར་ན་ཡོདཔ་སྦེ་ཨིནམ་བཞིན་དུ་ དེ་གིས་ དཔལ་འབྱོར་གྱི་ གནས་སྟངས་དང་འཁྲིལ་བའི་ ལོ་ཚད་དང་བསྟུན་ མི་རློབས་ཚུ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ ལཱ་གཡོག་མེད་པའི་ ཚད་གཞི་དེ་ འདས་པའི་ཟླཝ་༣ ནང་ བརྒྱ་ཆ་༤.༡ འབད་མི་དེ་ ལོ་ཕྱེད་ཀྱི་སྐབས་ལུ་ བརྒྱ་ཆ་༣.༧ ལུ་མར་ཕབ་འབད་ནི་སྦེ་ ཨིན་མི་དེ་ཡང་ སྤྱིར་བཏང་ལུ་ ན་གཞོན་ལཱ་གཡོག་མེད་མི་༡༥,༧༡༢ ལས་ ལོ་ཕྱེད་ལུ་༡༣,༥༠༥ ལུ་ མར་ཕབ་འབད་ནི་སྦེ་ ཡོདཔ་ཨིན་པས།
ལོ་ཕྱེད་ཀྱི་གནས་ཚད་དང་བསྟུནམ་ད་ ཨམ་སྲུ་གི་ཚད་གཞི་དེ་ བརྒྱ་ཆ་༤.༥ དང་ ཕོ་སྐྱེས་ཚུ་ བརྒྱ་ཆ་༣.༡ འབདཝ་ལས་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་ཚུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
རྫོང་ཁག་དང་ ཁྲོམ་སྡེ་དང་འཁྲིལཝ་ད་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ བརྒྱ་ཆ་༨.༧ དང་ དེ་གི་འོག་ལས་ར་ བསམ་གྲུབ་ལྗོངས་མཁར་ལུ་ བརྒྱ་ཆ་༨.༦ དེ་ལས་ གཞལམ་སྒང་ལུ་ དམའ་ཤོས་བརྒྱ་ཆ་༠.༢ ཡོདཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཤེས་ཡོན་ཅན་གྱི་ གནས་རིམ་དང་འཁྲིལ་ཏེ་ འབད་བ་ཅིན་ འབྲིང་རིམ་སློབ་གྲྭ་གོང་མ་ མཐར་འཁྱོལ་མི་༦,༧༥༤ དང་ དེ་གི་འོག་ལས་ར་ འབྲིང་རིམ་སློབ་གྲྭ་འོག་མ་༢,༣༤༠དེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡,༩༠༡ ཡོདཔ་སྦེ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ལཱ་འབད་མི་ ཡོངས་བསྡོམས་ཀྱི་ལོ་ཚད་དེ་ སྐྱེས་ལོ་༡༥ ཡན་ཆད་འབད་མི་༥༩༦,༩༢༦ ཡོདཔ་སྦེ་ཨིན་པས།
སྤྱིར་བཏང་ ལཱ་གཡོག་ནང་འཛུལ་ཞུགས་ཡོད་པའི་ ཚད་གཞི་དེ་ བརྒྱ་ཆ་༩༦.༣ སྦེ་ཡོད་མི་དེ་ ལྕོགས་གྲུབ་ཅན་ཚུ་ ཨིནམ་བཞིན་དུ་ དེ་གི་གྲངས་སུ་ ཕོ་སྐྱེས་བརྒྱ་ཆ་༩༦.༩ དང་ ཨམ་སྲུ་བརྒྱ་ཆ་༩༥.༥ ཡོདཔ་ཨིན་པས།
སྡེ་ཚན་གྱི་ཐོག་ལུ་ དབྱེ་ཁག་ཕྱེ་བ་ཅིན་ ཞི་གཡོག་པའི་སྡེ་ཚན་ནང་ མཐོ་ཤོས་སྦེ་ བརྒྱ་ཆ་༤༥.༣ དང་ སོ་ནམ་སྡེ་ཚན་དང་ བརྒྱ་ཆ་༤༡.༢ དེ་ལས་ བཟོ་གྲྭ་སྡེ་ཚན་ནང་ བརྒྱ་ཆ་༡༣.༥ ཡོདཔ་ཨིན་པས།
རྫོང་ཁག་དང་ ཁྲོམ་སྡེ་དང་འཁྲིལ་འབད་བ་ཅིན་ ཐིམ་ཕུག་ཁྲོམ་སྡེ་ནང་ མཐོ་ཤོས་སྦེ་༥༦,༣༨༨ ཡོད་པིའ་གུ་ དེ་གི་འོག་ལས་ར་ སྤ་རོ་ལུ་༢༦,༩༤༡ དེ་ལས་ བསམ་རྩེ་ལུ་༢༥,༢༡༦ ཡོད་པའི་སྙན་ཞུ་འདུག།
ལོ་ཚད་ལྟར་དུ་འབད་བ་ཅིན་ ལཱ་གཡོག་ནང་ཡོད་མི་ ལོ་ཚད་མཐོ་ཤོས་དེ་ སྐྱེས་ལོ་༣༠དང་༣༤ གི་བར་ན་འབད་མི་༦༣,༢༩༥ དང་ དེ་གི་འོག་ལས་ར་ སྐྱེས་ལོ་༣༥ དང་༣༩ གི་བར་ན་འབད་མི་༥༢,༢༩༢ དེ་ལས་ སྐྱེས་ལོ་༤༠དང་༤༤ གི་བར་ན་འབད་མི་༤༧,༩༤༣ ཡོདཔ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།
ལོ་ཕྱེད་ཀྱི་སྐབས་ལུ་ ལཱ་གཡོག་ལས་བྱེད་ནང་ བཅའ་མར་གཏོགས་མིའི་ ཚད་གཞི་བརྒྱ་ཆ་༦༡.༨ དང་ དེ་ཡང་ མཐོ་ཤོས་དེ་ ཧཱ་ལུ་བརྒྱ་ཆ་༧༩.༢ དང་ དམའ་ཤོས་ཐིམ་ཕུག་ལུ་ བརྒྱ་ཆ་༥༢.༧ སྦེ་ ཡོདཔ་ཨིན་པས།
ལཱ་གཡོག་ནང་སྡོད་མི་ མཐོ་ཤོས་དེ་ སྐྱེས་ལོ་༤༠.༤༤ གི་བར་ན་འབད་མི་ བརྒྱ་ཆ་༨༠.༤ དང་ དམའ་ཤོས་དེ་ སྐྱེས་ལོ་༡༥ དང་༡༩ གི་བར་ན་འབད་མི་ བརྒྱ་ཆ་༨.༩ སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།