༉ སྤུ་ན་ཁའི་སོ་ནམ་པ་ཚུ་གིས་ ལོ་གཅིག་གི་རིང་ གནམ་བྱཱར་གྱི་དུས་ཚོད་ཁར་ ལྕང་ལཱ་རྐྱབ་ནི་དང་ གནམ་དགུན་ལུ་ ཚོད་བསྲེ་གི་རིགས་ འཛུགས་སྐྱོང་འབད་དེ་ གནམ་བྱཱར་དགུན་མེད་པར་ ལཱ་རྩ་འགེངས་འབད་བའི་ཤུལ་ལུ་ ལོ་བསྟར་བཞིན་དུ་ རི་དྭགས་སེམས་ཅན་གྱིས་ སོ་ནམ་གྱི་ཐོན་སྐྱེད་ལུ་ ཐོ་སྦོམ་སྦེ་ར་ བཀལ་མི་དེ་ གདོང་ལེན་ཅིག་སྦེ་ཡོདཔ་ཨིན་པས།
མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ ལོ་བསྟར་བཞིན་དུ་ ཐོནམ་ཐོན་ས་ར་སྡོད་དོ་ཡོདཔ་ད་ དེ་གིས་ སོ་ནམ་པ་ཚུ་ སོ་ནམ་གྱི་ལཱ་འབད་ནི་ལུ་ སྒྱིད་ཐག་སྐྱུར་སུ་ འགྱོ་དོ་ཡོད་མི་དེ་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལུ་བརྟེན་ཨིནམ་ལས་ སྤུ་ན་ཁ་རྫོང་ཁག་གི་ སོ་ནམ་པ་ཚུ་ ད་ལས་ཕར་ འདི་བཟུམ་གྱི་ རི་དྭགས་སེམས་ཅན་དང་ མིའི་བྲེལ་ཟིང་ ལང་མི་དགོ་ནི་ཨིན་མི་དེ་ཡང་ དུས་ཚོད་དང་བསྟུན་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནི་དེ་ཨིན་པས།
རྩིས་ལོ་༢༠༢༤ དང་༢༠༢༥ ལུ་ སྤུ་ན་ཁ་རྫོང་ཁག་གི་ སྤྱི་འོག་ལྔ་ནང་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནི་ཨིནམ་ད་ དེ་གིས་ ས་ཆ་ཀི་ལོ་མི་ཊར་༣༠.༣ ཁྱབ་ཚུགས་པའི་ཁར་ ཐབས་བྱུས་དེ་གིས་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་མར་ཕབ་འབད་བའི་གུ་ སོ་ནམ་པའི་ལོ་ཐོག་ཚུ་ ཉེན་སྲུང་འབད་ཚུགས་ནི་ཨིན་པས།
ལྕགས་ར་རྐྱབ་ནིའི་དོན་ལུ་ གདམ་ཁ་ཅན་གྱི་ སྤྱི་འོག་ཚུ་ཡང་ ལྷ་སྐུ་(མགུ་མ་) ཨོམ་སྟོད་ཁ་(གླིང་མུ་) རྟ་ལོག་དང་ སྨན་ཆུ་ནང་ (སྟོད་སྦི་ས་) ཐངམ་སྦྱིས་(སྟོད་ཝང་) ཚུ་ ཚུད་དེ་ཡོདཔ་ད་ ས་ཁོངས་དེ་ཚུ་ནང་ རི་ཕག་ ཀ་ཤ་ སྤྱ་ ཐ་ན་སྒོ་ནོར་སེམས་ཅན་ འཁྲམས་སྡོད་མི་ཚུ་གིས་ཡང་ གནོད་པ་བཀལ་ཏེ་ ཐོ་སྦོམ་སྦེ་ར་ཕོག་དོ་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་ ལྕགས་སྐུད་དྲྭ་མིག་གི་ ར་བ་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་གིས་ ཞིང་ནང་ལོ་ཐོག་ཚུ་ལུ་ གནོད་པ་བཀལ་ནི་ལས་ སྲུང་སྐྱོབ་འབད་དེ་ ཐོན་ཤུགས་ཚུ་ ཡར་སེང་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ལྷ་སྐུ་གཡུས་ཚན་ལས་ སྐྱེས་ལོ་༤༥ ལང་མི་ཅིག་གིས་ བཤད་མིའི་ནང་ ཁོང་གིས་ ཐོག་བསྲུང་ནི་ལུ་ ག་དེ་སྦེ་རྩ་འགེངས་རུང་ རི་དྭགས་སེམས་ཅན་དང་ སྒོ་ནོར་སེམས་ཅན་འཁྱམས་སྡོད་མི་ཚུ་གིས་ གནོདཔ་སྦོམ་སྦེ་ར་བཀལཝ་མས་ཟེར་ཨིནམ་ད་ ངེ་གི་རེ་མཆི་ལས་འབད་བ་ཅིན་ ད་ལྟོའི་ལྕགས་སྐུད་དྲྭ་མིག་ར་བ་གིས་ འགྱུར་བ་ཚུ་སྦོམ་སྦེ་ར་ འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ལས་འགུལ་དེ་གིས་ སོ་ནམ་པ་གུང་༡༨༩ དེ་ཅིག་ལུ་ ཕན་ཐོགས་འབྱུང་ཚུགས་ནི་དང་ དེ་གིས་ ས་ཆ་ཨེ་ཀར་༤༦༣.༨ དེ་ཅིག་ཁྱབ་ཚུགས་པའི་ཁར་ ལས་འགུལ་དེ་མཇུག་བསྡུཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༩.༥༠ གནས་ནི་ཨིན་པས།
སྤྱི་འོག་ལྔའི་ས་ཆ་ཨེ་ཀར་༤༧༨.༣༡ ཁྱབ་ཚུགས་ནི་ཨིནམ་ད་ དེ་ཁར་ ས་ཆ་ཨེ་ཀར་༡༣.༤༩ སྤང་སྦེ་ལུས་ཡོདཔ་ཨིན་པས།
སོ་ནམ་གཙོ་འཛིན་འོགམ་ དགེ་སློང་གིས་ བཤད་མིའི་ནང་ སྤྱི་འོག་གདམ་འཐུ་འབད་མི་ཚུ་ཡང་ གཙོ་བོ་ར་ རི་དྭགས་སེམས་ཅན་གྱི་ གནོདཔ་ཆེ་སུ་ཡོད་མི་ ས་ཞིང་སྡེབ་གཅིག་ཁར་འབད་མི་ ཁྱིམ་གུང་མང་སུ་ཡོད་མི་ཚུ་ལུ་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
སོ་ནམ་པ་ཚུ་ གནམ་བྱཱར་ནུབ་མོ་ཞག་ཡང་ ཉལ་ནི་མེད་པར་ ལོ་ཐོག་སྲུང་དོ་ཡོདཔ་ལས་ ད་ལས་ཕར་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་མི་ལུ་བརྟེན་ ནུབ་མོ་དཀའཝ་སྤྱད་མ་དགོཔ་མ་ཚད་ སེམས་བག་ཆགས་ཏོག་ཏོ་སྦེ་ ཁྱིམ་ནང་སྡོད་ནི་ འཐོབ་ཚུགས་ཟེར་ཨིན་པས།
སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནི་དེ་ ད་རུང་ འཆར་གཞི་༡༣ པའི་ནང་ར་ རྒེད་འོག་༦ ནང་ འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
རྩིས་ལོ་༢༠༢༢ དང་༢༠༢༣ ལུ་ ཀི་ལོ་མི་ཊར་༨ འབད་མི་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནི་དེ་ ཆུ་བུར་རྒེད་འོག་ ཆུ་མེད་ཐང་ཀ་གཡུས་ཚན་ནང་ འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ ལོ་ཐོག་སྲུང་སྐྱོབ་ཀྱི་ ཐབས་ལམ་མཐར་འཁྱོལ་བྱུང་མི་གིས་ གནམ་བྱཱར་དགུན་མེད་པར་ ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ འབད་ཚུགས་ཡོདཔ་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ ལྕགས་སྐུད་དྲྭ་མིག་གི་ ར་བ་བསྒོར་ནིའི་དོན་ལུ་ རྒྱབ་སྐྱོར་དངུལ་ཀྲམ་ཐེར་འབུམ་༥.༡ བཞག་ཡོདཔ་ད་ ར་བ་བསྒོར་ནིའི་ལས་རིམ་གྱིས་ རི་དྭགས་སེམས་ཅན་དང་ མིའི་བྲེལ་ཟིང་མར་ཕབ་འབད་ཚུགསཔ་མ་ཚད་ ཞིང་སྤང་ལུས་མི་ཚུ་ ལོག་ཟ་སྤྱོད་འབད་ནི་ གནམ་དགུན་ལུ་ཐོན་སྐྱེད་ཡར་སེང་འབད་ནི་དང་འབྲེལ་ ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement