༉ ལྕངམ་སྒང་གི་བཙོན་ཁང་ནང་ སྐྱེས་ལོ་༢༥ ལང་མི་བཙོན་པ་ཅིག་ལུ་ སྐྱེས་ལོ་༢༣ ལང་མི་བཙོན་པ་ཅིག་གིས་ ཤིང་གི་ཨེན་ཏ་གིས་ མགུ་ཏོ་གུ་བླུགས་བྱིན་མི་ལུ་བརྟེན་ ཉམས་རྒུདཔ་དེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ ལྕངམ་སྒང་གི་ བཙོན་ཁང་སྡེ་ཚན་བཞི་པའི་ནང་བྱུང་ཡོདཔ་ད་ ཁོང་གཉིས་ཆ་ར་ བཙོན་ཁང་གི་ ཁང་ཚན་ཅིག་ནང་སྡོད་མི་ཨིན་པས།
སྤྱིར་བཏང་ གནད་དོན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་རྟོགས་མེད་རུང་ ལ་ལོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་དེ་གིས་ ཆ་རོགས་དེ་གཉིད་ལོག་སྡོདཔ་ད་ དཀྲོགས་ནུག་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ འཐབ་འཛིང་བྱུང་ཡོདཔ་བཞིན་དུ་ བྱ་ངན་དེ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ བྱུང་ནུག་ཟེར་ཨིན་པས།
ལོ་རྒྱུས་ཧ་གོ་དོ་བཟུམ་འབད་བ་ཅིན་ འཐབ་འཛིང་གི་སྐབས་ལུ་ དོགས་ཅན་དེ་གིས་ ཉལ་ཁྲི་གི་ཤིང་ལག་ལེན་འཐབ་ཐོག་ལས་ ཉམས་རྒུདཔ་གུ་ བླུགས་ནུག་ཟེར་ཨིན་པས།
ཀུན་གསལ་གྱིས་ ཧ་གོ་དོ་བཟུམ་འབད་བ་ཅིན་ ཤིང་གི་མཐའམ་གུ་ལུ་ ལྕགས་གཟེར་ཡོདཔ་ལས་ ཁོ་གིས་ ཉམས་རྒུདཔ་གུ་བླུགས་པའི་སྐབས་སུ་ ལྕགས་གཟེར་དེ་ ལྕགས་གཟེར་དེ་ ཉམས་རྒུད་པའི་མགུ་ཏོ་གུ་ ཕོག་ནུག་ཟེར་ཨིནམ་ད་ ཁོང་གིས་ འབད་བ་ཅིན་ ཉམས་རྒུདཔ་དེ་ མགུ་ཏོ་གུ་ རྨ་སྐྱོན་ཤུགས་སྦེ་ར་ བྱུང་མི་ལུ་བརྟེན་ ཚེ་ལས་འདས་སོ་ནུག་ཟེར་ཨིན་པས།
ཤི་རྐྱེན་བྱུང་མི་དེ་ ཨར་རྐུན་གྱི་གནད་དོན་ནང་ བཙོན་ཁྲིམས་ལོ་༥ ཕོག་ཡོདཔ་ད་ རྐྱེན་ངན་དེ་བྱུང་པའི་སྐབས་སུ་ ཁོ་གིས་ བཙོན་ཁྲིམས་འབག་སྟེ་ ཕྱེད་ཀ་དེ་ཅིག་སོང་ཡོདཔ་བཞིན་དུ་ ཉམས་རྒུདཔ་ཁོ་ར་ བསམ་རྩེ་ལས་ཨིན་པས།
སྐྱེས་ལོ་༢༣ ལང་མི་ སུ་ནིལ་རའེ་དེ་ ད་ལྟོ་ མི་གཉིས་དམར་བསད་ཀྱི་ གནད་དོན་ནང་ ཚེ་བཙོན་སྦེ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ དོགས་ཅན་དེ་ རྩི་རང་སྟོད་ལུ་ མི་གཉིས་དམར་བསད་འབད་བའི་ རྩོད་གཞིའི་ཉེས་འཛུགས་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
སུ་ནིལ་རའེ་དེ་ ཉམས་རྒུདཔ་བཟའ་ཚང་གཉིས་ཀྱི་ བུ་ཚབ་སྦེ་གསོ་ཡོདཔ་ད་ རྐྱེན་ངན་དེ་བྱུང་པའི་སྐབས་སུ་ ཁོང་གསུམ་གྱི་བར་ནང་ ཁ་འཐབ་ཚིག་འཐབ་བྱུང་ཡོདཔ་ལས་ ཁོ་གིས་ བཟའ་ཚང་གཉིསཔོ་དེ་ དམར་བསད་འབད་ཡོདཔ་ད་ བཟའ་ཚང་གཉིས་ཀྱི་ཕུངམ་དེ་ ཁོང་རའི་ཁྱིམ་གྱི་རྒྱབ་ཁར་ ཆབ་གསང་གི་ གསོག་མཛོད་ནང་ལས་ཐོབ་ཡོདཔ་ཨིན་པས།
བཟའ་ཚང་གི་ བུཚ་སྐྱེས་ལོ་༡༨ ལང་མི་དེ་ཡང་ སུ་ནིལ་གྱིས་ བསད་ནིའི་དཔའ་བཅམ་ཡོད་རུང་ ཁོ་ར་འབྱོག་ཐལ་ཏེ་ ཁོ་གིས་ ཁྱིམ་ཚང་ཚུ་ལུ་ ལོ་རྒྱུས་ཚུ་སླབ་ཡོདཔ་ཨིན་པས།
སུ་ནིལ་ཁོ་ར་ ཆུང་ཀུ་བསྒང་ལས་ བཟའ་ཚང་གཉིས་དང་གཅིག་ཁར་ ཞིང་ནང་སོ་ནམ་ལཱ་འབད་སྡོད་ཡོདཔ་ད་ ཁོ་གིས་ བཟའ་ཚང་གཉིས་ཆ་ར་བསད་པའི་གུ་ བུཚ་དེ་ཡང་ བསད་ནི་གི་ དཔའ་བཅམ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།