༉ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ ལྕམ་མཁར་ཁྲོམ་ནང་ གླར་སྤྱོད་ཁར་སྡོད་མི་ཚུ་ ས་གནས་ས་ཁོངས་ཚུ་ནང་ སྤྱི་ཟླ་༩ པའི་ཚེས་༣༠ གི་ནང་འཁོད་ལུ་ སྤོ་བཤུད་འབད་དགོ་པའི་ མཐའན་མཇུག་གི་ གསལ་བསྒྲགས་འབད་དེ་འདུག།
དེ་ཡང་ གླར་སྤྱོད་གན་ཡིག་བསྐྱར་བཟོ་འབད་མི་གི་ དུས་ཡུན་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ ཚང་མི་ལུ་བརྟེན་ཨིན་པས།
ད་ལ་ཕར་འབདན་ དུས་ཚོད་ཕར་འགྱངས་འབད་ནིའི་ གོ་སྐབས་མི་བྱིན་ནི་ཨིན་མི་དེ་ཡང་ འདས་པའི་ཚེས་གྲངས་ཀྱིས་ ད་ལྟོའི་ཁྲོམ་ཡོད་ས་ལས་ ས་གནས་ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ནིའི་ དུས་ཚོད་ཡོལ་སོང་མི་ལུ་བརྟེན་ཨིན་པས།
ས་གནས་ས་ཁོངས་ནང་ བདེ་སྐྱིད་གླིང་དང་ རྒྱལ་མཁར་ ལྕམ་མཁར་ཚུ་ ཚུད་དེ་ཡོདཔ་བཞིན་དུ་ ས་ཁོངས་ཚུ་ཡང་ ལྕམ་མཁར་ཁྲོམ་རྙིངམ་ཚུ་ནང་ སྡོད་མི་ཚུ་ སྤོ་བཤུད་འབད་ནིའི་དོན་ལུ་ ཆེད་དུ་དམིགས་ཏེ་ ཡོདཔ་ཨིན་པས།
འཆར་གཞི་དེ་ཡང་ ད་ལྟོའི་ ལྕམ་མཁར་དེ་ ཆུ་རུད་ཀྱི་ ཉེན་ཁ་ཡོདཔ་ལས་ ཉེན་སྲུང་བཟོ་ནི་དང་ ཚོང་འབྲེལ་དང་ སྡོད་གནས་ཀྱི་ ས་གོ་བྱིན་ཐབས་ལུ་ བཟོ་ཡོདཔ་ཨིན་པས།
ལྕང་མཁར་ཁྲོམ་ནང་ གླར་སྤྱོད་ནང་ སྡོད་མི་ཚུ་ལུ་ ས་གནས་ས་ཁོངས་གསརཔ་ནང་ སྤོ་བཤུད་འབད་ནི་གི་ ཚེས་གྲངས་ཕར་འགྱངས་འབད་ བྱིན་ཡོདཔ་ཨིན་པས།
ན་ཧིང་ ཚོང་འབྲེལ་པ་ཚུ་ སྤོ་བཤུད་འབད་ནིའི་དོན་ལས་ སྐྱིད་སྡུག་སྦེ་ ལོ་༡ གི་ དུས་ཡུན་ཕར་འགྱངས་འབད་ཡོདཔ་ད་ དེ་ཡང་ ཚོང་པ་ཚུ་གིས་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལུ་ འབྱེམ་ཕོག་ཡོད་པའི་ ཞུ་བ་འབད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ གསལ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ གླར་སྤྱོད་ཁར་ སྡོད་མི་ཚུ་གིས་ གླར་སྤྱོད་གན་ཡིག་ལུ་ གནས་དགོ་ཟེར་ཨིན་པས།
རྫོང་ཁག་གིས་ བཀོད་མིའི་ནང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ འདས་པའི་གསལ་བསྒྲགས་དེ་ དམ་དམ་སྦེ་ གནས་ནི་ལུ་ ངེས་བརྟན་བཟོ་དགོཔ་སྦེ་་ བཀའ་རྒྱ་ལྷོད་དེ་ཡོད་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ གླར་སྤྱོད་ཁར་སྡོད་མི་ཚུ་གིས་ གླར་སྤྱོད་ཁར་ལེན་མི་ ས་དང་ རྒྱུ་དངོས་ཚུ་ ཧེ་མའི་གན་ཡིག་ལྟར་དུ་ བཟོ་བཀོད་ཚུ་བཤུབས་ཞིནམ་ལས་ ཧེ་མ་ག་ཨིནམ་སྦེ་ བཟོ་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༡༥ གི་ཤུལ་ལས་ འཐུང་ཆུ་དང་ གློག་མེའི་མཐུན་རྐྱེན་ དེ་ལས་ མཐུན་རྐྱེན་ག་ར་ བཀྲམ་སྤེལ་འབད་ནི་ བཤོལ་བཞག་ནི་དང་ གླར་སྤྱོད་ཁར་སྡོད་མི་ཚུ་གིས་ ལོ་༡ གི་རིང་ ཕར་འགྱངས་འབད་བའི་ གླར་སྤྱོད་ཀྱི་ གླ་འཐུས་དང་ མཐུན་རྐྱེན་གཞན་གྱི་ ཁྲལ་ཚུ་ཡང་ ཚེས་གྲངས་དེ་གི་ནང་འཁོད་ལུ་ བྱིན་དགོཔ་ཨིན་པས།
ཁྲོམ་སྡེ་ངོ་ཚབ་ ཨོ་རྒྱན་སེངྒེ་གིས་ སླབ་མིའི་ནང་ ལྕམ་མཁར་ཁྲོམ་གྱི་ ཚོང་པ་ཚུ་ སྤོ་བཤུད་འབད་ནིའི་དོན་ལས་ ས་ཁོངས་གསརཔ་ཚུ་ གྲ་སྒྲིག་སོང་ཡོདཔ་ད་ སྤོ་བཤུད་ཀྱི་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་ངེས་བརྟན་བཟོ་ཐབས་ལུ་ དབྱེ་ཞིབ་ཚུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ས་གནས་ས་ཁོངས་གསརཔ་ཚུ་ནང་ ཉེར་མཁོའི་མཐུན་རྐྱེན་ ཆུ་དང་ གློག་མེ་ ག་ར་བཙུགས་ཏེ་ཡོདཔ་ལས་ ཚོང་པ་ཚུ་གིས་ སྟབས་མ་བདེཝ་སྦོམ་ཅིག་ ག་ནི་ཡང་ མི་ཐོན་ཟེར་ཨིན་པས།
ཨོ་རྒྱན་སེངྒེ་གིས་ སླབ་མིའི་ནང་ ས་གནས་གསརཔ་ནང་ སྤོ་བཤུདའབད་ནིའི་ འཆར་གཞི་དེ་ ཧེ་མ་ལས་བཟོ་ཡོདཔ་ལས་ མི་སེར་ཚུ་གིས་ཡང་ ལེགས་ཤོམ་སྦེ་ ཤེས་རྟོགས་ཡོདཔ་བཞིན་དུ་ གྲ་སྒྲིག་འབད་ནི་ ཕར་འགྱངས་དང་ གླར་སྤྱོད་ཁར་སྡོད་མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ཡོདཔ་ལས་ སྤོ་བཤུད་འབད་བའི་སྐབས་ སྟབས་མ་བདེཝ་ཡང་ དུམ་གྲ་རེ་ བྱུང་འོང་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ལས་ ས་གོ་གཞན་ཁར་ སྤོ་བཤུད་འབད་དགོ་མི་དེ་ཡང་ ད་ལྟོའི་ཁྲོམ་ནང་ ཆུ་རུད་ཀྱི་ ཉེན་ཁ་ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།