༉ ཐིམ་ཕུག་ འབྲུག་སློབ་གྲྭ་གིས་ སློབ་གྲྭའི་དུས་སྟོན་བརྩི་སྲུང་ཐོག་ལས་ མི་སྡེ་ལས་ཚོགས་ ན་གཞོན་ལམ་སྟོན་གྱི་ མ་དངུལ་བཟོ་ནིའི་ གསལ་བསྒྲགས་འབདཝ་དང་འབྲེལ་ སྐྱེས་ལོ་༡༤ ལང་མི་ མཱན་ད་ལི་ཀ་རྣམ་རྒྱལ་དེ་ སེམས་དགའ་ཡོདཔ་ད་ མོ་བཟུམ་སྦེ་ར་ སློབ་ཁང་གི་ ཆ་རོགས་མང་ཤོས་ཅིག་གིས་ ན་གཞོན་ལམ་སྟོན་གྱི་སྐོར་ལས་ ཧེ་མ་ ལོ་རྒྱུས་ཚུ་མ་གོཝ་ཨིན་པས།
མཱན་ད་དེ་ སྤྲོ་བ་སྦོམ་བསྐྱེད་དེ་ མོ་རའི་སློབ་དཔོན་ལུ་ ན་གཞོན་ལམ་སྟོན་ཟེར་མི་ ཨ་ལོའི་རྒྱབ་སྐྱོར་ཚུ་ ག་ཅི་ར་འབདཝ་སྨོ་ཟེར་ དྲི་བ་བཀོད་ཡོདཔ་ཨིན་པས།
མོ་གི་སློབ་དཔོན་གྱིས་ གོ་བ་ཁ་གསལ་རྐྱབ་སྟེ་བྱིན་མིའི་ནང་ རྒྱབ་སྐྱོར་དེ་ ཨ་ལོ་སྡོད་སའི་ཁྱིམ་མེད་མི་ཚུ་ལུ་ སླབ་ཨིན་ཟེར་ཨིན་པས།
འདི་གོཝ་ད་ མཱན་ད་གི་དོན་ཧིང་གུ་ལུ་ རྨ་བཏོན་དོ་བཟུམ་སྦེ་ན་ཟུག་ཕོག་སྟེ་ མོ་གིས་ ཐབས་ཤེས་ཅིག་བཏོན་དགོ་ནི་མས་ཟེར་ མནོ་བསམ་བཏང་ཐོག་ལས་ མོ་ར་ གོ་ལ་ཉོ་ནིའི་དོན་ལུ་ བསགས་བཞག་མི་ ཏི་རུ་༥,༠༠༠ ཡོད་མི་དེ་ གྲོགས་རམ་སྦེ་བྱིན་ནི་ལུ་ སེམས་ཐག་བཅད་ཡོདཔ་ཨིན་པས།
ང་གིས་ ཁོང་ཆ་ཁྱབ་ལུ་ གྲོགས་རམ་འབད་ནི་ཨིན་མི་ལུ་བརྟེན་ ངེ་གི་ཏི་རུ་དེ་ ཞལ་འདེབས་སྦེ་ བྱིན་ནི་ཨིན་ཟེར་ མོ་གིས་བཤདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གཞི་བཙུགས་འབད་མི་ ན་གཞོན་ལམ་སྟོན་དེ་གིས་ ཨ་ལོ་དང་ ཡང་ན་ མི་སྡེ་ག་ར་འབད་རུང་ ཉེན་སྲུང་ཅན་གྱི་ སྡོད་ཁྱིམ་མེད་མི་དང་ ཨ་ལོ་ལ་ལོ་ཅིག་ ཁོང་རའི་ཕམ་གྱིས་ མཐའ་སྐྱོང་འབད་མ་ཚུགས་མི་དང་ ཡང་ཅིན་ མཐའ་སྐྱོང་འབད་ནིའི་ མནོ་བསམ་མེད་མི་ཚུ་ ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ན་གཞོན་ལམ་སྟོན་ནང་ ཨ་ལོ་༢༡ ཁྱིམ་མེད་པར་ ལུས་ཡོདཔ་ཨིན་པས།
ལས་རིམ་འགོད་པོན་ ཡེ་ཤེས་དངོས་གྲུབ་ཀྱིས་ བཤད་མིའི་ནང་ ལྟེ་བ་དེ་ འཛིན་སྐྱོང་འཐབ་ནི་གི་དོན་ལུ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༢༠༠,༠༠༠ དང་༣༠༠,༠༠༠ རེ་ ཟད་འགྲོ་བཏང་དགོ་པས་ཟེར་ཨིན་པས།
ང་བཅས་ཀྱིས་ ཞལ་འདེབས་ལུ་ བཏོན་སྡོད་པའི་སྐབས་སུ་ ཨ་ལོ་གི་ གྱངས་ཁ་ཡར་སེང་འགྱོ་མི་དང་ མཐའ་སྐྱོང་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ནི་ཨིན་ཟེར་ ཁས་བླངས་འབད་བའི་ཁར་ ཤེས་ཡོན་བྱིན་ནི་ལ་སོགས་པ་ཚུ་འབདཝ་ད་ མ་དངུལ་ཚུ་ འཕྲོ་མཐུད་དེ་ར་ དགོཔ་སྦེ་ཐོནམ་མས་ཟེར་ཨིནམ་ད་ ང་བཅས་ཀྱི་ མནོ་བསམ་ལས་འབད་བ་ཅིན་ ཨ་ལོ་ཚུ་ ལྕོགས་གྲུབ་ཅན་བཟོ་སྟེ་ མི་སྡེའི་གྲས་ཁར་ ཚུད་ཚུགསཔ་བཟོ་ནི་དེ་ ཨིན་ཟེར་ཨིན་པས།
ལྟེ་བ་གིས་ རྒྱབ་སྐྱོར་གྱི་དོན་ལུ་ ན་གཞོན་ལམ་སྟོན་གྱིས་ འབྲུག་སློབ་གྲྭ་ནང་ལྷོད་ཡོདཔ་ལས་ མཱན་ད་གིས་ འདི་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ད་ ཁོང་གི་མཉམ་འབྲེལ་གྱི་དོན་ལུ་ སློབ་གྲྭ་གིས་ དུས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སློབ་གྲྭ་གིས་ ཤོག་འཛིན་དངུལ་ཀྲམ་༤༡༦,༨༩༠ བཙོང་ཡོདཔ་ད་ ག་ར་གིས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཐབས་ཤེས་ཚུ་ བཏོན་ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ ཁོང་ར་སེམས་དགའ་བའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་བཙུགས་པའི་ཁར་ ངོ་རྐྱང་ཚུ་གི་ཁ་ཐུག་ལས་ སྦོམ་ཆུང་ག་དེ་སྦེ་ར་ བྱིན་ཏེ་འབད་རུང་ ན་གཞོན་ལམ་སྟོན་ལྟེ་བ་ལུ་ ཁེ་ཕན་སྦོམ་ར་བྱུང་སྟེ་ ཡོདཔ་ཨིན་པས།
ན་གཞོན་ལམ་སྟོན་གི་ ཁ་ཐུག་ལས་ མ་དངུལ་བཟོ་ནིའི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༢༦ དང་༢༧ ལུ་ ཐིམ་ཕུག་ལུ་སྦེ་ ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་དང་ དེ་ཁར་ ལས་རིམ་སྣ་ཚོགས་དང་ བཟའ་འཐུང་གི་རིགས་ཚུ་ བཙོང་ནི་ཡོདཔ་ཨིན་པས།
དུས་སྟོན་ནང་ལས་ མ་དངུལ་བསྡུ་ལེན་འབད་མི་ཚུ་ག་ར་ ན་གཞོན་ཚུ་ལུ་ རྒྱབ་སྐྱོར་གི་དོན་ལུ་ བྱིན་ནི་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement