༉ འབྲུག་གི་ ལྟ་བཤལ་ལས་སྡེ་ནང་ ཚ་གྱང་ཅན་གྱི་ གནས་སྟངས་ནང་ཡོདཔ་ད་ ཕྱིའི་ལས་སྡེ་ཚུ་གིས་ ཚོང་ལམ་དེ་ དབང་བསྒྱུར་འབད་ཡོདཔ་ལས་ ལྟ་བཤལ་གྱི་ དཔལ་འབྱོར་ལུ་ ཐོ་ཕོག་པའི་ཁར་ ཕྱིའི་ཏི་རུ་ཟུར་གསོག་ཡང་ མར་བབས་འགྱོ་དོ་ཡོདཔ་ཨིན་པས།
འབྲུག་པའི་ལྟ་བཤལ་ལས་སྡེ་ཚུ་གིས་ བཤད་མིའི་ནང་ ལྟ་བཤལ་སྲིད་བྱུས་༢༠༢༢ ཅན་མ་གིས འབྲུག་གི་དངུལ་འབྲེལ་གནས་སྟངས་དེ་ སོར་བསྒྱུར་འབད་ཡོདཔ་ད་ སྲིད་བྱུས་དང་འཁྲིལཝ་ད་ ལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་རྐྱངམ་གཅིག་ གཞུང་གི་རྩིས་ཁྲ་ནང་ བཙུགས་དགོཔ་ད་ གཞན་གྱི་རིགས་ཚུ་ དངུལ་རྐྱང་སྦེ་ འབག་དགོ་པའི་ སེམས་ཤུགས་བྱིན་ཏེ་ ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ལམ་ལུགས་དེ་གིས་ ཕྱིའི་ལས་སྡེ་ཚུ་ལུ་ ཁེ་ཕན་བྱུང་དོ་ཡོད་རུང་ འབྲུག་གི་ལྟ་བཤལ་ལག་ལེན་པ་ཚུ་ དངུལ་འབྲེལ་གཞི་བཀོད་ལམ་ལུགས་ ཉིན་བསྟར་ཉུང་མཐའ་ཡོངས་སྒྲིལ་(ཨེམ་ཌི་ཨར) འོག་རྒྱུ་སྦེ་ སྡོད་ཅི་ཟེར་ཨིན་པས།
ཨེམ་ཌི་ཨར་གྱིས་ ཞབས་ཏོག་བྱིན་མི་ཚུ་ལུ་ འདྲ་མཉམ་བགོ་བཀྲམ་དང་ ཡིག་ཆ་བརྗེ་སོར་ དེ་ལས་ ཁྲལ་དགོས་དོན་གྱི་ སྙན་ཞུ་ཚུ་ ངེས་བརྟན་བཟོཝ་ཨིན་ཟེར་ ལྟ་བཤལ་ལག་ལེན་པ་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ལྟ་བཤལཔ་ཚུ་ལས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༡༠༠ དང་ རུ་པའི་༡,༢༠༠ རྐྱངམ་གཅིག་ དགོས་མཁོ་ཡོདཔ་ད་ ལྟ་བཤལཔ་ཚུ་གིས་ བཀོད་མིའི་ནང་ གཞུང་དེ་ ཁྲལ་ལས་ཡང་ ཁེ་ཕན་ཐོབ་དགོཔ་ཨིན་རུང་ ཡུན་བརྟན་གོང་འཕེལ་འཐུས་རྐྱངམ་གཅིག་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
ཕྱིའི་ལས་སྡེ་ཚུ་གིས དབང་བསྒྱུར་འབད་མི་གིས་ འབྲུག་པའི་ལྟ་བཤལཔ་ཚུ་ལུ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་པས།
ཧེ་མའི་ ཨེམ་ཌི་ཨར་གྱི་ ལམ་ལུགས་ནང་ ལྟ་བཤལཔ་ཚུ་ འབྲུག་ལུ་ ལྟ་བཤལ་ལག་ལེན་པ་ཐོག་ལས་རྐྱངམ་གཅིག་ འོང་དོ་ཡོད་པའི་ཁར་ འཐུས་ཚུ་ཡང་ ཌོ་ལར་སྦེ་ ལས་སྡེ་ཚུ་གི་ རྩིས་ཁྲ་ནང་བཙུགས་དོ་ཡོདཔ་ཨིན་པས།
ད་རེས་ ལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་ འཐུས་རྐྱངམ་གཅིག་ གཞུང་གི་རྩིས་ཁྲ་ནང་ བཙུགས་དོ་ཡོདཔ་ད་ འཐུས་གཞན་ཚུ་ དངུལ་རྐྱང་སྦེ འབག་འོང་དོ་ཡོདཔ་བཞིན་དུ་ ཕྱིའི་ལས་སྡེ་ཚུ་གིས་ ནང་འཁོད་ལམ་སྟོན་པ་དང་ དེད་གཡོག་ དེ་ལས་ སྣུམ་འཁོར་ཚུ་ དངུལ་ཀྲམ་བྱིན་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ ལྟ་བཤལ་པའི་གྱངས་ཁ་ ཡར་འཕར་སོང་རུང་ ཕྱིའི་ཏི་རུ་ཟུར་གསོག་དེ་ མར་བབས་འགྱོ་དོ་ཡོདཔ་ལས་ ཚོགས་ཆུང་གཅིག་ གཞི་བཙུགས་འབད་དེ་ ཞིབ་དཔྱད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ལས་ བརྗེ་སོར་འབད་བཏུབ་པའི་ ཏི་རུ་མ་ཐོབ་མི་དེ་ཡང་ ཕྱིའི་ལས་སྡེ་ཚུ་གིས་ ལྟ་བཤལ་པའི་ ཚོང་ལམ་མེད་བཏང་མི་ལུ་བརྟེན་ཨིན་པས།
གཞུང་གིས་ བརྗེ་སོར་འབད་བཏུབ་པའི་ ཏི་རུ་ཚུ་ཡང་ ཡུན་བརྟན་གོང་འཕེལ་གྱི་ འཐུས་ལས་རྐྱངམ་གཅིག་ ཐོབ་དོ་ཡོདཔ་ད་ ལྟ་བཤལ་ལག་ལེན་པ་ཚུ་གིས་ དངུལ་ཀྲམ་ཐོབ་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལག་ལེན་པ་ཚུ་གིས་ ལྟ་བཤལཔ་འོང་ནི་ལུ་ དོ་འགྲན་འབད་དོ་ཡོདཔ་ད་ ཁེ་སང་ཡང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ལས་ དུམ་གྲ་ཅིག་ལས་བརྒལ་ མི་བཞག་དོ་ཡོདཔ་ལས་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན་པས།
ད་ལྟོའི་ གནས་སྟངས་ནང་ ཁེ་ས་དུམ་གྲ་རེ་ལས་བརྒལ་ མི་ཐོབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ལུ་ གཞི་རྟེན་གྱི་མཐུན་རྐྱེན་ཚུ་ཡང་ བྱིན་མི་ཚུགས་དོ་ཡོདཔ་ཨིན་པས།
རྒྱ་གར་གྱི་ ལྟ་བཤལཔ་ཚུ་གིས་ ལྟ་སྐོར་ཚུ་ཡང་ སྐྱོད་ཐམ་ལག་ལེན་དང་ འགྲུལ་ཡིག་ དེ་ལས་ ཟ་ཁང་མཁོ་མངགས་ཀྱི་ ལཱ་འབད་མི་ཚུ་ལས་ ཕྱིའི་ལས་སྡེ་བརྒྱུད་དེ་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་གིས་ ནང་འཁོད་ལས་སྡེ་ཚུ་ འབྲེལ་གཏོགས་མེད་པར་ ཐད་ཀར་དུ་ ནང་འཁོད་ལམ་སྟོན་པ་དང་ སྣུམ་འཁོར་གྱི་ ཞབས་ཏོག་བྱིན་མི་ཚུ་དང་ འབྲེལ་བ་འཐབ་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་དང་ འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༤ ཟླ་༡ པ་ལས་ ཟླ་༣ པའི་ཚེས་༣༡ གི་ནང་འཁོད་ འབྲུག་ལུ་ ལྟ་བཤལཔ་༦༤,༩༤༡ འོང་ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ འབད་བ་ཅིན་ ལྟ་བཤལཔ་༤༣,༠༧༤ ལས་བརྒལ་ མ་འོངམ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་མི་ཚུ་གི་གྲས་ལས་ བརྒྱ་ཆ་༦༦ རྒྱ་གར་དང་ བརྒྱ་ཆ་༣༤ དེ་ཡུ་ཨེསི་ཨེ་ རྒྱ་ནག་ ཡུ་ཀེ་ ཇར་མ་ནི་ ཨི་ཊ་ལི་ མ་ལེ་ཤི་ཡ་ བེཊ་ནམ་ ཐའི་ལེནཊ་ ཨཱསི་ཊེ་ལི་ཡ་ དེ་ལས་ ཀེ་ན་ཌ་ཚུ་ནང་ལས་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ རྒྱ་གར་གྱི་ ལྟ་བཤལཔ་༤༣,༤༣༤ འོང་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་༣༡,༨༡༥ དེ་ཅིག་ ཡར་སེང་སོང་ནུག།
ལྟ་བཤལ་ལས་ཁུངས་ཀྱིས་ འདས་པའི་ཟླཝ་༣ གྱི་ནང་འཁོད་ལུ་ སིངྒ་པོར་དང་ མ་ལེ་ཤི་ཡ་ ཐའི་ལེནཌ་ རྒྱ་ནག་ ཨཱསི་ཊེ་ལི་ཡ་ ཀེ་ན་ཌ་ ཨི་ཊ་ལི་ ཏའི་ཝན་ ཨིན་ཌོ་ནེ་ཤི་ཡ་ ར་ཤི་ཡ་ ཨིསི་པེན་ ཇ་པཱན་ ཨི་ཟི་རལ་ དེ་ལས་ ཕི་ལི་པིནསི་གི་ ལྟ་བཤལཔ་ཡར་སེང་ སོང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་ལས་༥ པའི་ ནང་འཁོད་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་ས་ཡ་༡༦.༢༥ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ད་ ཨིན་རུང་ ལྟ་བཤལ་པའི་ གྱངས་ཁ་ཡར་སེང་སོང་ཡོད་རུང་ དམིགས་བསལ་དུ་ རྒྱ་གར་ལས་ འབྲུག་གཞུང་གི་ རུ་པི་བརྩིས་ཏེ་ ཕྱིའི་ཏི་རུ་ཟུར་གསོག་ ཁེ་ཕན་གྱི་སྐོར་ལས་ དྲི་དཔྱད་འབད་ཡོདཔ་ཨིན་པས།
རུ་པི་ག་ཏེ་སོང་ཡོདཔ་ཨིན་ན?
འབྲུག་པའི་ལྟ་བཤལ་ལས་སྡེ་ཚུ་གིས་ སླབ་མིའི་ནང་ ཕྱིའི་ལས་སྡེ་ཚུ་གིས་ ཏི་རུ་བརྗེ་སོར་དེ་ ས་མཚམས་ཁྲོམ་ཚུ་ནང་ལས་ དངུལ་ཀྲམ་ལས་ རུ་པི་བརྒྱ་ཆ་༢.༥ དང་༡༠ སྦེ་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས།
ལག་ལེན་དེ་གིས་ རུ་པི་ལས་ དངུལ་ཀྲམ་གྱི་ གནས་གོང་མར་བབས་ འགྱོ་དོ་ཡོད་པའི་ཁར་ ཁྲིམས་འགལ་ཐོག་ལས་ ཏི་རུ་བརྗེ་སོར་ཡར་དྲག་དང་ རྒྱ་གར་གྱི་ ས་མཚམས་ཁྲོམ་ཁར་ དངུལ་ཀྲམ་གྱི་ གནས་གོང་མེདཔ་ བཟོ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ནང་འཁོད་ཀྱི་ ལས་སྡེ་ཚུ་གིས་ བཀོད་མིའི་ནང་ བརྗེ་སོར་ཚད་གཞི་དང་ དངུལ་ཀྲམ་དང་ རུ་པི་གི་བར་ན་ ཁྱད་པར་ཆགས་མི་གི་ གནད་དོན་སེལ་ཐབས་ལུ་ འཛུལ་སྒོ་ཚུ་ནང་ གཞུང་གིས་ལག་ལེན་འཐབ་པའི་ ཏི་རུ་བརྗེ་སོར་གྱི་ འབྲེལ་སྟེགས་ཅིག་ གཞི་བཙུགས་འབད་དགོ་པའི་ ཞུ་བ་འབདཝ་ཨིན་པས།
ཇའི་སྒང་གི་ བི་ཀེ་ལྟ་བཤལ་དང་ལམ་འགྲུལ་གྱི་ ཇོ་བདག་གིས་ སླབ་མིའི་ནང་ ཁོ་གིས་ ལྟ་བཤལཔ་ཚུ་ མ་ཆད་པར་བཏང་དོ་ཡོདཔ་ལས་ ལས་སྡེ་གིས་ ཐད་ཀར་དུ་ གོང་ཚད་ཕབ་ཆག་འབད་མི་ ཟ་ཁང་དང་ ལམ་སྟོན་པ་ དེ་ལས་ དེད་གཡོགཔ་ཚུ་དང་ འབྲེལ་བ་འཐབ་དོ་ཟེར་ཨིན་པས།
ལམ་སྟོན་པ་ཚུ་ལུ་ ཉིན་བསྟར་ དངུལ་ཀྲམ་༡,༥༠༠ དང་༢,༠༠༠ བར་ན་ བྱིན་དོ་ཡོདཔ་ད་ སྣུམ་འཁོར་ཆུང་བ་ཚུ་ལུ་ དངུལ་ཀྲམ་༣,༠༠༠ དང་ སྣུམ་འཁོར་བར་མ་དང་ བཱསི་ཚུ་ལུ་ ཉིན་བསྟར་འཐུས་ དངུལ་ཀྲམ་༤,༥༠༠ དང་༥,༠༠༠ བྱིན་དོ་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་གི་དོན་ལུ་ ས་མཚམས་སྒོ་ར་ཚུ་ སྒོ་ཕྱེ་བའི་ཤུལ་ལས་ བི་ཀེ་ལྟ་བཤལཔ་གིས་ འབྲུག་ལུ་ རྒྱ་གར་གྱི་ ལྟ་བཤལཔ་༡,༥༠༠ དང་༢,༠༠༠ བཏང་ཡོདཔ་ཨིན་པས།
བེ་ནེ་ལམ་འགྲུལ་དང་ལྟ་བཤལ་གྱི་ཇོ་བདག་ བི་ནེ་ཏི་ཁ་ར་གིས་ སླབ་མིའི་ནང་ ཁོ་གི་ལས་སྡེ་གིས་ ལོ་༡ ནང་ ཕྱི་རྒྱལ་རེ་གཉིས་ལས་མ་གཏོགས་ མང་ཤོས་ར་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ གཏང་དོ་ཡོདཔ་ད་ འཛུལ་སྒོ་ཕྱེ་བའི་ཤུལ་ལས་ ལས་སྡེ་གིས་ སྡེ་ཚན་ནང་མི་ངོམ་༡༢ འབད་མི་ ལྟ་བཤལ་སྡེ་ཚན་༣༠ ལས་༣༥ དེ་ཅིག་ བཏང་ཡི་ཟེར་ཨིན་པས།
རྒྱ་གར་གྱི་ ལྟ་བཤལཔ་མང་ཤོས་ར་ ནག་པུར་དང་ མ་ཧ་རཤ་ཊ་ གུ་ཇ་རཊི་ དེ་ལས་ ཨ་སམ་ལས་ འོང་དོ་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ཀྱིས་ ཉུང་མཐའ་ཞག་གྲངས་༥ ལས་ མཐོ་ཤོས་ཞག་གྲངས་༡༠ དེ་རེ་ སྡོད་ཡོདཔ་ཨིན་པས།
ད་རེས་ནངས་པར་ འབྲུག་པའི་ལྟ་བཤལཔ་ཚུ་གིས་ སླབ་མིའི་ནང་ ཕྱིའི་ལྟ་བཤལཔ་ཚུ་ལུ་ ནང་འཁོད་མཁའ་འགྲུལ་གྱི་ གླ་འཐུས་མཐོ་དྲགས་ཡོདཔ་ལས་ ཕུན་ཚོགས་གླིང་ལས་ འོངམ་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཅ་དམ་དང་འོང་འབབ་ལས་ཁུངས་ཀྱིས་ ཕུན་ཚོགས་གླིང་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བསྡུ་ལེན་འབྲེལ་སྟེགས་ཐེབས་༡ བཙུགས་ཏེ་ཡོདཔ་ཨིན་པས།
ལྟ་བཤལ་ལག་ལེན་པ་ཚུ་གིས་ ཨེམ་ཌི་པི་ཨར་གྱི་ལམ་ལུགས་ ལོག་གཞི་བཙུགས་འབད་དེ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཀྱིས་ ནང་འཁོད་མཐའ་དོན་ཉེན་སྲུང་དང་ ཡུན་བརྟན་དཔལ་འབྱོར་ཁེ་འཐུས་ ངེས་བརྟན་བཟོ་དགོ་པའི་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།