༉ དངུལ་འབྲེལ་གདོང་ལེན་དང་ ཡུན་བརྟན་དཀའ་ངལ་ལུ་བརྟེན་ རྒྱལ་ཁབ་ཀྱི་ ཐི་རི་ཨིསི་ཊར་ཟ་ཁང་གི་ ཇོ་བདག་ཚུ་གིས་ ད་ལྟོའི་ ལྟ་བཤལ་པའི་ འཐུས་གཞི་བཀོད་དང་ ཉིན་བསྟར་གྱི་ ཡུན་བརྟན་གོང་འཕེལ་གྱི་ཚབ་སྦེ་ ལྟ་བཤལཔ་ཚུ་ལུ་ ཐེངས་གཅིག་གི་ སྐྱོད་ཐམ་འཐུས་ ངོས་ལེན་འབད་དགོཔ་སྦེ་ གཞུང་ལུ་ ཞུ་བ་འབད་ནི་ ལས་འཆར་ཡོདཔ་ཨིན་པས།
བསམ་འཆར་དེ་ཡང་ དམིགས་བསལ་དུ་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ལུ་ བརྟེན་སྡོད་མི་ཚུ་གིས་ བཤད་ཡོདཔ་བཞིན་དུ་ ཟ་ཁང་ནང་སྡོད་མི་ མར་བབས་སོང་མི་ལུ་བརྟེན་ དངུལ་འབྲེལ་གྱི་ དཀའ་ངལ་ཚུ་ བྱུང་མས་ཟེར་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཟ་ཁང་གི་ ཇོ་བདག་ཚུ་གིས་ ཁོང་རའི་ཚོང་འབྲེལ་ལུ་ དཀའ་ངལ་སྐོར་ལས་ གྲོས་བསྟུན་འབད་བའི་ཤུལ་ལས་ གཞུང་ལུ་ གཞུང་འབྲེལ་ཐོག་ ཞུ་ཡིག་བཙུགས་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ བཟའ་ཁང་བཙུགས་སྡོད་མི་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཐི་རི་ཨིསི་ཊར་ཟ་ཁང་ མང་ཤོས་ཅིག་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ལུ་ བརྟེན་སྡོད་དོ་ཡོདཔ་ཡོདཔ་བཞིན་དུ་ ལྟ་བཤལཔ་ཚུ་གིས་ ཟ་ཁང་ཚུ་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་རའི་ཚོང་མགྲོན་པ་ མང་ཤོས་ཅིག་ར་ རྒྱ་གར་ཚུ་ཨིན་རུང་ ད་རེས་ནངས་པ་ ལྟ་བཤལཔ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་སྟེ་ཡོདཔ་བཞིན་དུ་ ད་ལྟོའི་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་གིས་ ལྟ་བཤལཔ་ཚུ་ལུ་ སེམས་ཤུགས་མར་ཕབ་འགྱོཝ་མས་ཟེར་ཨིན་པས།
ཚོང་ལམ་ཡར་དྲག་སོང་ཡོད་རུང་ ཟ་ཁང་ཚུ་ནང་ སྡོད་མི་གི་ གྱངས་ཁ་དེ་ འདས་པའི་ལོ་དང་ཕྱདཔ་ད་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་སྟེ་ཡོདཔ་ད་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ དམིགས་བསལ་དུ་ ཌི་ལར་སྤྲོད་མི་ ལྟ་བཤལཔ་ཚུ་གིས་ ཕོར་དང་ ཐི་རི་ཨིསི་ཟ་ཁང་ཚུ་ལུ་ སྡོད་དོ་ཡོདཔ་ལས་ འོང་འབབ་བར་མའི་ ཚོང་པ་ཚུ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ འབྲུག་ལུ་ རྒྱལ་སྤྱི་ལྟ་བཤལཔ་༣༡,༠༧༣ དང་ ལུང་ཕྱོགས་ལྟ་བཤལཔ་༦༥,༥༦༠ བརྩིས་ཏེ་ ལྟ་བཤལཔ་ཡོངས་བསྡོམས་༩༥,༦༣༣ ལས་བརྒལ་ མ་འོང་མི་ལུ་བལྟ་བ་ཅིན་ ན་ཧིང་ ལྟ་བཤལཔ་༡༠༣,༠༦༦ འོང་མི་ལས་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ལུང་ཕྱོགས་ལྟ་བཤལཔ་༢༤༣,༣༩༧ དང་ རྒྱལ་སྤྱི་ལྟ་བཤལཔ་༧༢,༢༠༢ བརྩིས་ཏེ་ ལྟ་བཤལཔ་༣༡༥,༥༩༩ འོངས་ཡོདཔ་ཨིན་པས།
ལྟ་བཤལཔ་མར་བབས་སོང་མི་ལུ་བརྟེན་ ལྟ་བཤལ་པའི་ ཟ་ཁང་མང་ཤོས་ཅིག་ལུ་ དངུལ་འབྲེལ་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ བྱུང་ཡོདཔ་ད་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ བཟའ་ཁང་གི་ ཇོ་བདག་ཚུ་ལུ་ སྐྱིན་ཚབ་བཏབ་ནི་ དུས་ཚོད་དེ་ སྤྱི་ལོ་༢༠༢༥ ཟླ་༦ པ་ཚུ་ ཕར་འགྱངས་འབད་ཡོད་རུང་ དུས་ཚོད་མཇུག་བསྡུ་བའི་ཤུལ་ལས་ ཟླ་རིམ་སྐྱིན་འགྲུལ་ཚུ་ ག་དེ་སྦེ་ བཏབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།
བཟའ་ཁང་གི་ ཇོ་བདག་ཚུ་གིས་ བཤད་མིའི་ནང་ རྒྱལ་ཁབ་གཞན་བཟུམ་སྦེ་ ཉིན་བསྟར་ཡུན་བརྟན་གོང་འཕེལ་གྱི་ཚབ་སྦེ་ ཐེངས་གཅིག་གི་ སྐྱོད་ཐམ་འཐུས་ཀྱི་ ལམ་ལུགས་བཟོ་པ་ཅིན་ དེ་གིས་ ལྟ་བཤལཔ་ལས་སྡེ་ལུ་ ཁེ་ཕན་བྱུངམ་དང་འབྲེལ་ དངུལ་འབྲེལ་གདོང་ལེན་གྱི་ ཐབས་ལམ་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
ཟ་ཁང་ཚུ་གིས་ ཐེངས་གཅིག་གི་ སྐྱོད་ཐམ་འཐུས་ཀྱི་ ལམ་ལུགས་ཀྱིས་ ལྟ་བཤལཔ་ཚུ་ ཡུན་རིངམ་སྦེ་ སྡོད་ནི་ལུ་ སེམས་ཤུགས་ཐོབ་ཚུགས་ནི་ཨིནམ་བཞིན་དུ་ ལྟ་བཤལ་ལས་སྡེ་ཚུ་ལུ་ ཁེ་ཕན་བྱུང་སྟེ་ ཉིན་བསྟར་འཐུས་དང་ སྟབས་མ་བདེཝ་མ་བྱུང་པར་ ཁྲལ་ཚུ་ཡང་ མངམ་སྦེ་བཏབ་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ལྟ་བཤལཔ་ཚུ་ལུ་ དམིགས་བསལ་སྡེ་ཚན་སྦོམ་སྦེ་ རྒྱུན་འགྲུལ་འཐབ་པའི་སྐབས་དང་ ལྟ་བཤལ་པའི་ས་ཁོངས་ཚུ་ དོ་འགྲན་ཅིག་སྦེ་བཟོ་ཚུགས་ཏེ་ དངུལ་འབྲེལ་གྱི་ དཀའ་ངལ་ཡང་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
ད་ལྟོའི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཀྱི་ གཞི་བཀོད་ནང་ ལྟ་བཤལཔ་ཚུ་གིས་ ཉིན་བསྟར་འཐུས་སྤྲོད་དགོཔ་ཨིནམ་བཞིན་དུ་ དེ་ཡང་ ལྟ་བཤལཔ་དང་ ཟ་ཁང་གི་ ཇོ་བདག་ཚུ་ལུ་ དབུགས་འགམ་པའི་ གནད་དོན་ཅིག་ཨིན་པས།
རྒྱ་གར་གྱི་ལྟ་བཤལཔ་ བཟའ་ཚང་སྦོམ་དང་ ཡང་ཅིན་ སྡེ་ཚན་སྦེ་འོང་མི་ མང་ཤོས་ཅིག་ལུ་ འབྲུག་ལུ་ ལྟ་བཤལཔ་སྦེ་ འོང་ནི་ལུ་ ཟད་འགྲོ་ལྕི་དྲགས་གནས་ཡོདཔ་སྦེ་ བཤད་མི་དེ་ཡང་ ལུང་ཕྱོགས་གཞན་ཚུ་དང་ཕྱདཔ་ད་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ལེ་ཤ་སྤྲོད་དགོཔ་ བྱུང་མི་ལུ་བརྟེན་ཨིན་པས།
ད་རེས་ ཐི་རི་ཨིསི་ཊར་ ཟ་ཁང་མང་ཤོས་ཅིག་ནང་སྡོད་མི་ བརྒྱ་ཆ་༡༠ ལས་བརྒལ་མེདཔ་ལས་ ཚོང་འབྲེལ་ཡུན་བརྟན་གནས་ནི་གི་ ཚད་གཞི་ལས་ དམའ་སུ་སྦེ་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཟ་ཁང་༤༠༠ ཡོདཔ་བཞིན་དུ་ སྤྱིར་སྙོམས་ལུ་ ཟ་ཁང་ནང་ ཁང་ཚན་༢༠ དེ་རེ་ ཡོདཔ་ཨིན་པས།
ཟ་ཁང་གི་ ཇོ་བདག་ཚུ་གིས་ ཁོང་རའི་ཟ་ཁང་ནང་ ལྟ་བཤལཔ་སྡོད་མི་ གནས་ཚད་དེ་ བརྒྱ་ཆ་༥༠ ཡར་སེང་འབད་དགོ་པ་ཅིན་ ཉིན་བསྟར་ལྟ་བཤལཔ་༢,༠༠༠ དེ་རེ་ འོང་དགོཔ་ད་ དེ་གིས་ ལག་ལེན་ཟད་འགྲོ་དང་ སྐྱིན་ཚབ་བཏབ་ཚུགས་ནི་མས་ཟེར་ཨིན་པས།
ཨིན་རུང་ སྡོད་ཞག་རེ་ལུ་ ཁང་མིག་གི་འཐུས་ དངུལ་ཀྲམ་༢,༢༠༠ དང་ དངུལ་ཀྲམ་༣,༠༠༠ ཡོདཔ་ལས་ ཟ་ཁང་མང་ཤོས་ཅིག་གིས་ ཟླ་རིམ་གྱི་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དང་ དངུལ་ཀྲམ་༣༠༠,༠༠༠ བཟོ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ བཟའ་ཁང་གི་ ཇོ་བདག་ཚུ་ ལས་བྱེདཔ་ཚུ་ ཟླ་རིམ་གྱི་ དངུལ་ཕོགས་བྱིན་ནི་དང་ ལག་ལེན་ཟད་འགྲོ་ འཛིན་སྐྱོང་འཐབ་ནི་ལུ་ ལཱ་ཁག་བཏང་མས་ཟེར་ཨིན་པས།
ཟ་ཁང་གི་ ཇོ་བདག་ཚུ་གིས་ ཚོང་འབྲེལ་ཡུན་བརྟན་གནས་ཐབས་ལུ་ ཚོང་འབྲེལ་ཡུན་བརྟན་བཟོ་ཐབས་ལུ་ ཕབ་ཆག་ཅན་གྱི་ གོང་ཚད་ཚུ་ བྱིན་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ཟ་ཁང་ནང་སྡོད་མི་ ལྟ་བཤལཔ་ཚུ་གིས་ འབྲུག་པའི་ཏི་རུ་ཚུ་ བྱིན་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་མར་ཕབ་ལུ་ ཐོ་དེ་ཅིག་ར་ མི་ཕོག་དོ་ཡོདཔ་ད་ ཨིན་རུང་ ཟ་ཁང་གི་ ཇོ་བདག་ཚུ་འཐུས་ཚུ་ དུས་ཚོད་ཁར་ མ་ཐོབ་པའི་ དཀའ་ངལ་བྱུང་པའི་ཁར་ གནད་དོན་ལ་ལོ་ཅིག་ འཐུས་མ་ཐོབ་མི་ལུ་བརྟེན་ ཁྲིམས་ཀྱི་འདུས་ས་ལུ་ཡང་ བཀོད་དེ་ཡོདཔ་ཨིན་པས།
གཞུང་གིས་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ སྤུ་ན་ཁའི་ས་གོ་ཚུ་ནང་ ཟ་ཁང་ལངམ་སྦེ་ཡོདཔ་ལས་ ཟ་ཁང་གསརཔ་རྐྱབ་ནིའི་དོན་ལས་ བཀག་དམ་འབད་དགོ་པའི་ བསམ་འཆར་ཚུ་ཡང་ ཟ་ཁང་གི་ཇོ་བདག་ཚུ་གིས་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement