༉ འབྲུག་གཅིག་སྒྲིལ་ལྟ་བཤལ་འཆར་གཞི་ཨམ་༢༠༢༥-༣༤ ཅན་མའི་ ཟིན་བྲིས་དང་འཁྲིལཝ་ད་ གཞུང་གིས་ སྤྱི་ལོ་༢༠༣༤ གི་ནང་འཁོད་ལུ་ ཐད་ཀར་དུ་ ཡུན་བརྟན་གོང་འཕེལ་འཐུས་ཀྱི་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༢.༥༦ བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ འབྲུག་གིས་ ཡུན་བརྟན་གོང་འཕེལ་འཐུས་ཀྱི་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༢༦ དེ་ཅིག་ བཟོ་ཚུགས་ཡོདཔ་ད་ འཆར་གཞི་ཨམ་ནང་བཀོད་མི་ དམིགས་གཏད་འགྲུབ་ཐབས་ལུ་ ཤུལ་མའི་ལོ་༡༠ གྱི་ནང་འཁོད་ལུ་ འོང་འབབ་བརྒྱ་ཆ་ལས་བཅད་དེ་ ཡར་སེང་འབད་དགོཔ་འདུག།
ལྟ་བཤལ་ལས་ཁུངས་ཀྱིས་བཟོ་མི་ འཆར་གཞི་ཨམ་དེ་གིས་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ ལྟ་བཤལ་བསྐྱར་གསོའི་ནང་ དོ་འགྲན་ཅན་ཅིག་སྦེ་བཟོ་ནི་གི་ དམིགས་གཏད་ཨིནམ་ད་ གནས་གོང་མཐོ་སུ་དང་ ཚད་གཞི་ཉུང་སུ་འབད་མི་ སྲིད་བྱུས་དེ་ཡང་ ཡར་དྲག་གཏང་ནི་ཨིན་པས།
ཡོངས་རྫོགས་གཞི་བཀོད་འདི་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ རང་བཞིན་གནས་སྟངས་ཀྱི་ཤུལ་བཞག་ཚུ་ ཉམས་སྲུང་འབད་ཐོག་ལས་ རྒྱལ་ཁབ་གོང་འཕེལ་གཏང་ནི་ལུ་ ལྟ་བཤལ་སྡེ་ཚན་འདི་ ཡུན་བརྟན་གནས་ཚུགསཔ་བཟོ་ནིའི་དོན་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་པས།
ད་རེས་ ལྟ་བཤལ་ལས་སྡེ་གིས་ འབྲུག་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༡༠ དེ་ཅིག་ བཟོ་དོ་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣༤༥ ལྷགཔ་ཅིག་ བཟོ་ཚུགས་ཡོདཔ་མ་ཚད་ ལྟ་བཤལ་དང་འབྲེལ་བའི་ ཚོང་ལཱ་༧,༠༠༠ ནང་ ལཱ་གཡོག་༥༢,༠༠༠ དེ་ཅིག་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་མདོ་ཆེན་ དམ་ཆོས་རིག་འཛིན་གྱིས་ སླབ་མིའི་ནང་ འཆར་གཞི་ཨམ་གྱི་ དམིགས་གཏད་ངོ་མ་ར་ ལྟ་བཤལ་གོང་འཕེལ་དེ་ འབྲུག་གི་ལམ་སྲོལ་དང་བརྩི་མཐོང་ཚུ་དང་ གཅིག་མཐུན་བཟོ་ནི་དང་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་དེ་གིས་ ལྟ་བཤལ་ལས་སྡེའི་ ལྕོགས་གྲུབ་ཧྲིལ་བུམ་ལག་ལེན་འཐབ་སྟེ་ འབྲུག་གི་ མི་སྡེའི་དཔལ་འབྱོར་ཡར་རྒྱས་གཏང་ནི་དང་ རང་བཞིན་གྱི་མཛེས་ཆ་དང་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འཆར་གཞི་ཨམ་དེ་ ཀ་ཆེན་༣ ལུ་གཞི་བཞག་སྟེ་ བཟོ་ཡོདཔ་ད་ དེ་ཡང་ ཡུན་བརྟན་གོང་འཕེལ་དང་ ཐབས་བྱུས་ཅན་གྱི་ཚོང་འབྲེལ་གོང་འཕེལ་ དེ་ལས་ ལུང་ཕྱོགས་ཀྱི་མཉམ་འབྲེལ་ཚུ་ཨིན་པས།
ལུང་ཕྱོགས་ཀྱི་ཁྱད་པར་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ འཆར་གཞི་ཨམ་གྱིས་ ལུང་ཕྱོགས་གོང་འཕེལ་ལུ་ གཙོ་རིམ་བཟུང་སྟེ་ འབྲུག་གི་ནུབ་ཕྱོགས་ལས་ཕར་ ལྟ་བཤལ་གྱི་ཁེ་ཕན་ཚུ་ ཡར་དྲག་གཏང་ནི་ཨིནམ་ད་ འདི་ནང་ ས་གནས་ཀྱི་ཉམས་མྱོང་ངོ་མ་བཟོ་ནི་དང་ མཉམ་འབྲེལ་ཡར་དྲག་གཏང་ནི་ དེ་ལས་ རྒྱལ་ཁབ་ནང་ ལཱ་གཡོག་གི་གོ་སྐབས་ཚུ་ ཡུན་བརྟན་བཟོ་ནི་ཚུ་ཨིན་པས།
ཐབས་ལམ་དེ་གིས་ ཕྱི་ཁར་གནས་སྤོ་མར་ཕབ་འབད་ནི་དང་ ས་གནས་ཀྱི་དཔལ་འབྱོར་སྣ་མང་བཟོ་ནི་ དེ་ལས་ འདྲ་མཉམ་ཡར་རྒྱས་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
འཆར་གཞི་ཨམ་གྱིས་ ཐོན་སྐྱེད་གོང་འཕེལ་དང་ ལྟ་བཤལ་ཡར་དྲག་ དེ་ལས་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ མཉམ་འབྲེལ་གྱི་ལམ་ལུགས་བཟོ་ནི་དང་ ཚོང་འབྲེལ་བཟོ་ནི་དང་ དེ་ལས་ སྦྱོང་བརྡར་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ཚུ་ནང་ གཙོ་བོར་བཏོན་ཏེ་ཡོདཔ་ལས་ དེ་གིས་ ལུང་ཕྱོགས་ག་རའི་ནང་ གོ་སྐབས་འདྲ་མཉམ་བཟོ་ཚུགས་ཟེར་ཨིན་པས།
འཆར་གཞི་ཨམ་བཟོ་མི་དེ་གིས་ སྒེར་གྱི་ཚོང་འབྲེལ་ནང་ བརྒྱ་ཆ་༥༠ བཅའ་མར་གཏོགས་ནིའི་ དམིགས་གཏད་བསྐྱེདཔ་མ་ཚད་ ལྟ་བཤལཔ་ཚུ་གི་ ངལ་རངས་ཚད་གཞི་དེ་ཡང་ ༤.༡ ལས་༤.༥ ལུ་ ཡར་སེང་འབད་ཚུགས་ནི་ཨིན་པས།
འཆར་གཞི་ཨམ་དེ་གིས་ ལྟ་བཤལ་ལས་སྡེའི་ནང་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༦.༨༢ ཡར་སེང་འབད་ནིའི་ དམིགས་གཏད་བསྐྱེད་མི་དང་གཅིག་ཁར་ སྤྱི་ལོ་༢༠༢༩ ལུ་ ཚོང་འབྲེལ་གྱི་ཚད་གཞི་ ཡུ་ཨེསི་ཌོ་ལར་ས་ཡ་༡༢.༣༤ ལུ་ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འཆར་གཞི་དེ་ཡང་ སྤྱི་ལོ་༢༠༢༦ དང་༢༠༣༤ གི་བར་ན་ རྒྱ་གར་གྱི་ལྟ་བཤལཔ་དང་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་གི་ ཆ་ཤས་དེ་ ༥༠:༥༠ སྦེ་དཔྱ་བགོ་རྐྱབ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
འཆར་གཞི་དེ་ནང་ ཐོན་སྐྱེད་གོང་འཕེལ་དང་ ལྟ་བཤལ་གྱི་ས་ཁོངས་ ཚོང་གི་མིང་དང་ཚོང་འབྲེལ་ དེ་ལས་ སྦྱོང་བརྡར་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ གཙོ་བོར་བཏོན་ཏེ་ ལུང་ཕྱོགས་ག་རའི་ནང་ གོ་སྐབས་འདྲ་མཉམ་བྱིན་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement