༉ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ འབྲུག་ལྟ་བཤལ་ལག་ལེན་ཚོགས་སྡེའི་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ ལྟ་བཤལ་ལག་ལེན་པ་ཚུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ལོག་སྤྲོད་ནི་དང་ ས་མཚམས་ཁྲོམ་ནང་ འཐུས་མེདཔ་བཟོ་ནི་ དེ་ལས་ ལྟ་བཤལ་ཆོག་ཐམ་དང་འབྲེལ་བའི་ གནད་དོན་ཚུ་ལུ་བརྟེན་ ཚོང་འབྲེལ་ནང་ ཐོ་ཕོག་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཚོགས་སྡེའི་བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལག་ལེན་པ་ཚུ་གིས་ སྤྱི་ལོ་༢༠༢༠ ཟླ་༦ པའི་ཚེས་༢༠ གི་ཧེ་མར་ ལྟ་བཤལ་མཁོ་མངགས་འབད་མི་ཚུ་ལུ་ ཉིན་བསྟར་ཉུང་མཐའི་ ཡོངས་སྒྲིལ་གནས་ཚད་འོག་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ གཞུང་གིས་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ བྱིན་ནི་སྦེ་ གསལ་བསྒྲགས་དང་ སྲིད་བྱུས་བསྒྱུར་བཅོས་འབད་མི་ལུ་བརྟེན་ འཐོབ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
གཞུང་གིས་ སྤྱི་ལོ་༢༠༢༣ ཟླ་༥ པའི་ཚེས་༣༡ ལས་ ཡུན་བརྟན་གོང་འཕེལ་གྱི་འཐུས་(༤+༤, ༧+༧, དེ་ལས་༡༢+༡༨) ལམ་ལུགས་ཐོག་ལས་ ཕབ་ཆ་བརྒྱ་ཆ་༥༠ བྱིན་ནིའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལག་ལེན་པ་ཚུ་ ལྟ་བཤལཔ་ཚུ་གིས་བྱིན་མི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཚུ་ ལོག་མ་འཐོབ་པའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ གཞུང་གིས་ སྤྱི་ལོ་༢༠༢༣ ཟླ་༨ པ་ལས་ ལམ་ལུགས་དེ་ ཆ་མེད་བཏང་སྟེ་ ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ བརྒྱ་ཆ་༥༠ མར་ཕབ་འབད་ཡོདཔ་ཨིན་པས།
༤+༤ ལམ་ལུགས་དེ་ ལྟ་བཤལཔ་ཅིག་གིས་ སྡོད་ཞག་༤ རྐྱངམ་གཅིག་ ཡུན་བརྟན་གོང་འཕེལ་གྱི་འཐུས་ སྤྲོད་དགོཔ་ད་ ཁ་སྐོང་སྡོད་ཞག་༤ པོ་དེ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ སྤྲོད་མ་དགོ་པར་ སྡོད་ཆོགཔ་ཨིན་པས།
དེ་བཟུམ་སྦེ་ ༧+༧ ལམ་ལུགས་དེ་ ལྟ་བཤལཔ་རེ་གིས་ ཉིནམ་༧ གྱི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཕོག་བྱིན་ནི་ཨིན་རུང་ ཁ་སྐོང་ཞག་༧ གྱི་ འཐུས་སྤྲོད་མི་དགོ་ནི་དང་ ༡༢+༡༨ ལམ་ལུགས་དེ་ ལྟ་བཤལཔ་རེ་གིས་ ཉིནམ་༡༢ ཀྱི་ ཡུན་བརྟན་གོང་འཕེལ་གྱི་འཐུས་སྤྲོད་དེ་ ཁ་སྐོང་སྡོད་ཞག་༡༨ འཐུས་མ་ཕོག་པར་ རིན་མེད་སྟོང་པར་སྦེ་ སྡོད་ཆོགཔ་ཨིན་པས།
ལྟ་བཤལཔ་ཚུ་གིས་ གནད་དོན་གཞན་མི་གཅིགཔོ་དེ་ ས་མཚམས་ཁྲོམ་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ སྤྲོད་མ་དགོཔ་བཟོ་མི་དེ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༣ པའི་ཚེས་༣༠ ལུ་ གཞུང་གིས་ བསམ་རྩེ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ འཛུལ་སྒོ་ནང་ལས་ སྒྲིག་ཡངས་ཐོག་ལས་འོང་མི་ ལྟ་བཤལཔ་ཚུ་ལུ་ ངོས་འཛིན་འབད་མི་ ས་གོ་ཚུ་ལས་བརྒལ་ཏེ་མ་འགྱོ་བ་ཅིན་ ཆུ་ཚོད་༢༤ ཚུན་ ཡུན་བརྟན་གོང་འཕེལ་གྱི་འཐུས་ སྤྲོད་མ་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ལམ་ལུགས་ཡང་ ན་ཧིང་ སྤྱི་ཟླ་༤ པའི་ཚེས་༡༤ ལས་ དུས་ཅི་ ཟླ་༤ པའི་ཚེས་༡༤ ཚུན་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ཏེ་ ལམ་ལུགས་དེ་ ལག་ལེན་འཐབ་པའི་སྐབས་ ལག་ལེན་གནས་ཚད་བྱ་སྒོ་གསརཔ་ཅིག་ འགོ་བཙུགས་ཡོདཔ་བཞིན་དུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ཀྱི་ སེམས་ཤུགས་མཐུན་རྐྱེན་ཚུ་ ས་མཚམས་ཁྲོམ་ནང་ ཆུ་ཚོད་༢༤ གི་ ཡུན་བརྟན་གོང་འཕེལ་གྱི་འཐུས་མེདཔ་བཟོ་ནི་དང་ མཉམ་སྡེབ་འབད་མི་བཏུབ་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ ད་རེས་ ཡུན་བརྟན་གོང་འཕེལ་འཐུས་ཀྱི་ སེམས་ཤུགས་མཐུན་རྐྱེན་དེ་ ཕན་ནུས་ཅན་ཡོད་མེད་ཀྱི་ དྲི་དཔྱད་འབད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་ སྤྲོད་མི་ཚུ་ལུ་ ལག་ལེན་འཐབ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
ད་རེས་ གཞུང་གིས་ རྒྱལ་ཁབ་ནང་ ལྟ་བཤལ་༣༠༠,༠༠༠ འོང་ནི་གི་ དམིགས་གཏད་བསྐྱེད་དེ་ཡོདཔ་ལས་ ལྟ་བཤལ་ལག་ལེན་པ་གིས་ ལྟ་བཤལ་པ་ཚུ་ ཡུན་རིངམོ་སྦེ་ སྡོད་བཅུག་ནི་གི་ སེམས་ཤུགས་བྱིན་ཐབས་དང་ སྡེ་ཚན་མངམ་སྦེ་ འོང་བཅུག་ནི་ལུ་ དུས་ཡུན་དང་ སྡེ་ཚན་མར་ཕབ་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་གི་ ལྟ་བཤལ་བསྡུ་བླང་བཅའ༌ཁྲིམས་༢༠༢༢ ཅན་མའི་ དོན་ཚན་༩ པ་དང་འཁྲིལ་བ་ཅིན་ དགོངས་ཡངས་དང་ ཕབ་ཆའི་བསྡུ་བླང་གི་ དབང་ཚད་ཡོདཔ་བཞིན་དུ་ དོན་ཚན་ནང་ བཀོད་མིའི་ནང་ དབང་ཚད་ཅན་གྱི་དབང་འཛིན་གྱིས་ བཅའ་ཡིག་ནང་ཆེད་དུ་བཀོད་པའི་གནས་ཚིག་དང་འཁྲིལ་ སྦྱོར་འཇུག་འཐབ་རུང་བའི་ ཡུན་བརྟེན་གོང་འཕེལ་གྱི་གླ་ཡོན་ དགོངས་ཡངས་གཏང་ནི་དང་ ཕབ་ཆ་བྱིན་ཆོགཔ་སྦེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལཔ་གི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་གི་ལྟ་བཤལ་ཚོགས་སྡེ་ ཡང་ཅིན་ ལྟ་བཤལ་ལས་ཁུངས་ཀྱིས་ བཅའ་ཡིག་གི་དོན་ཚན་༩ པ་དའཁྲིལ་ཏེ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དགོངས་ཡངས་ ཡང་ཅིན་ ཕབ་ཆ་བྱིན་དགོ་ཟེར་ཨིན་པས།
ལས་ཁུངས་ལས་ དམ་ཆོས་རིག་འཛིན་གྱིས་ སླབ་མིའི་ནང་ དུས་ཡུན་དང་ སྡེ་ཚན་ཕབ་ཆ་དེ་ ལྟ་བཤལ་གྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༢ ཅན་མ་བསྐྱར་ཞིབ་ནང་ ཚུད་དེ་ཡོད་ཟེར་ཨིན་པས།
ལྟ་བཤལ་ལག་ལེན་པ་ཚུ་གིས་ ད་ལྟོའི་ ལམ་ལུགས་ནང་ ལྟ་བཤལ་ལག་ལེན་ཆོག་ཐམ་དེ་ འབྲེལ་བ་ཡོད་མེད་ཀྱི་ དྲི་དཔྱད་འབད་ཡོདཔ་ད་ ལྟ་བཤལ་ལག་ལེན་པ་ཅིག་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ སྲིད་བྱུས་བསྒྱུར་བཅོས་འབད་མི་དང་འཁྲིལཝ་ད་ ག་གིས་འབད་རུང་ ལྟ་བཤལ་ལག་ལེན་འཐབ་ཆོགཔ་སྦེ་ འདུག་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལག་ལེན་ ཆོག་ཐམ་དེ་ ཁུངས་མེདཔ་དང་ བརྩི་མཐོང་མེདཔ་སོང་མི་དེ་ཡང་ ད་རེས་ ག་ར་ ལྟ་བཤལ་ལག་ལེན་འཐབ་སྟེ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལྟ་བཤལ་ལག་ལེན་པ་གིས་ ལྟ་བཤལཔ་ཚུ་ བསམ་གྲུབ་ལྗོངས་མཁར་ ད་རང་ག་དང་ དགེ་ལེགས་ཕུག་ དཱད་ག་རི་ལས་ འཐོན་འཛུལ་འབད་མ་ཚུགས་པའི་དཀའ་ངལ་ཚུ་ བཤད་ཡོདཔ་ཨིན་པས།
ཁོང་གིས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་ལུ་ ཐོན་འཛུལ་ས་ཁོངས་དེ་ཚུ་ལས་ སྐྱོད་ཐམ་ལྷན་ཐབས་ བྱ་སྒོ་ཚུ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་དགོཔ་སྦེ་ ཞུ་བ་འབད་ཡོདཔ་ཨིན་པས།
ཕྱི་མི་ནང་སྐྱོད་ལས་ཁུངས་ལས འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྒྲིག་ཡངས་ཐོག་ལས་ ལྟ་སྐོར་འབད་མི་དེ་ རྒྱ་གར་གྱི་ མི་ངོམ་རྐྱངམ་གཅིག་ལུ་ ངོས་ལེན་འབད་དོ་ཡོདཔ་ད་ ད་རང་ག་ལས་ ལྟ་བཤལ་འཐོན་འཛུལ་འབད་ནི་དེ་ གྲ་སྒྲིག་སོང་སྟེ་ཡོད་རུང་ དཱད་ག་རི་ལས་འབད་བ་ཅིན་ ད་ལྟོ་ ཐག་གཅད་མ་ཚུགས་པར་ ཡོད་ཟེར་ཨིན་པས།
ལྟ་བཤལ་ལག་ལེན་པ་ཚུ་གིས་ བཤད་མིའི་ནང་ ཕྱི་རྒྱལ་གྱི་ ལས་སྡེ་ཚུ་གིས་ ནང་འཁོད་ལས་སྡེ་ཚུ་ དབང་འགྱུར་འབད་མི་དེ་ཡང་ སྲིད་བྱུས་གསརཔ་གིས་ ནང་འཁོད་ལས་ལས་སྡེ་ཚུ་ འབྲེལ་བ་འཐབ་མ་དགོ་པར་ ལྟ་བཤལཔ་ཚུ་ལུ་ སྐྱོད་ཐམ་གྱི་དོན་ལས་ ཡོངས་འབྲེལ་ཐོག་ལས་ ཡི་གུ་བཙུགས་ཆོགཔ་སྦེ་ བཟོ་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།