༉ འདས་པའི་ལོ་༥༠ གི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ གོང་འཕེལ་ལུ་ ཕན་འདེབས་འབད་ཡོད་པའི་ ངོས་འཛིན་ལུ་ ཁ་ཙ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ བརྩི་སྲུང་ ཞུ་བའི་སྐབས་ ཐུགས་ངལ་རངས་དང་བཅས་པའི་སྒོ་ལས་ འབྲུག་མངའ་བདག་རྒྱལ་པོ་གིས་ ལྟ་བཤལ་ལས་སྡེ་ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།

སྤྱི་ལོ་༡༩༧༤ ལུ་ གཞི་བཙུགས་འབད་མི་ རིན་ཐང་ཆེ་བ་ གནོད་པ་ཉུང་བའི་ ལྟ་བཤལ་གྱི་ སྲིད་བྱུས་ལུ་ ལྟ་བཤལ་ལས་སྡེ་གིས་ འགྱུར་བ་མེད་པ་ ཁས་ལེན་འབད་བའི་ ངོས་འཛིན་ལུ་ གཟེངས་བསྟོད་རྟགས་མ་གནངམ་ཨིན་པས།

དུས་རབས་ཕྱེད་ཀ་ཅིག་ ལྟ་བཤལ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རང་བཞིན་གྱི་ མཛེས་ཆ་ཚུ་ འཛམ་གླིང་ནང་ ཡུན་བརྟན་ཐོག་ལས་ གསལ་སྟོན་དང་ སྙན་གྲགས་བཟོ་ཡོདཔ་ཨིན་པས།

འབྲུག་པའི་ གཞན་དང་མ་འདྲ་མའི་ ལྟ་བཤལ་ཐབས་ལམ་གྱིས་ འཛམ་གླིང་ནང་ ལྟ་བཤལ་འགན་འཁྲི་དང་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ ཉམས་སྲུང་ཐོག་ལས་ དཔལ་འབྱོར་ཁེ་ཕན་ འདྲ་མཉམ་བཟོ་ནི་ལུ་ འཇོན་ཚད་གཅིག་སྦེ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།

ལྟ་བཤལ་ལས་སྡེ་ནང་ འབྲུག་ལྟ་བཤལ་ལས་ཁུངས་དང་ འབྲུག་ལྟ་བཤལ་ལག་ལེན་ཚོགས་སྡེ་ འབྲུག་ཟ་ཁང་ཚོགས་སྡེ་ ལྟ་བཤལ་ལམ་སྟོན་ཚོགས་སྡེ་ ལག་བཟོ་ཚོགས་སྡེ་ དེ་ལས་ རྒྱལ་གཞུང་ལྟ་བཤལ་དང་ མགྲོན་སྐྱོང་གཙུག་སྡེ་ཚུ་ ཚུདཔ་ཨིན་པས།

མི་དབང་མཆོག་གིས་ ལྟ་བཤལ་ལས་སྡེ་གིས་ འཛམ་གླིང་ནང་ འབྲུག་གི་སྐོར་ལས་ ཡར་དྲག་གཏང་ནི་གི་ འགན་འཁྲི་འབག་ནི་ལུ་ ཐུགས་ངལ་རངས་ཚུ་གི་སྐོར་ལས་ གསུངས་ཡོདཔ་ད་ མི་དབང་མཆོག་ཁོ་ར་ རྒྱལ་ཁབ་ཁག་ མ་འདྲཝ་ཚུ་ནང་བྱོན་ཏེ་ ཕྱི་མི་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ ཁོང་ཆ་ཁྱབ་ཀྱིས་ འབྲུག་པའི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་རྟོགས་ཡོདཔ་མ་ཚད་ ང་བཅས་རའི་ རྒྱལ་ཁབ་ལུ་ ངལ་རངས་ཡོད་ལུགས་ཚུ་ཡང་ བཤད་ནི་འདུག་ཟེར་ གསུངས་ཡི།

མི་དབང་མཆོག་གིས་ ཁོང་མང་ཤོས་ཅིག་གིས་ འབྲུག་ལུ་ཚར་ལེ་ཤ་ འོང་ཡོདཔ་མ་ཚད་ ཚོང་འབྲེལ་འཐབ་མི་ འགོ་ཁྲིདཔ་ཚུ་ཡང་ རྒྱལ་ཁབ་ནང་ འོང་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཞབས་ཏོག་དང་ མགྲོན་སྐྱོང་དང་འབྲེལ་བའི་ ཞབས་ཏོག་ཚུ་ ལེགས་ཤོམ་བྱིན་མི་ལུ་བརྟེན་ བཀྲིན་ཚོར་དང་ ངལ་རངས་ཡོད་ལུགས་ཚུ་ བཤད་ནི་འདུག་ཟེར་ མི་དབང་མཆོག་གིས་གསུངས་ཡི།

ལྟ་བཤལ་ལས་སྡེ་དེ་ གལ་ཅན་ཅིག་ཨིན་པའི་ཐད་ལུ་ མི་དབང་མཆོག་གིས་ གསུངས་མིའི་ནང་ ང་རའི་ལཱ་ ཕྱད་ཀ་དེ་ཅིག་ ལས་སྡེ་གིས་ འབད་ཡོདཔ་ལས་ ང་གི་ལཱ་འཇམ་ཏོང་ཏོ་བཟོཝ་མས་ཟེར་ཨིན་པས།

ལྟ་བཤལ་ལས་ཁུངས་ཀྱི་མདོ་ཆེན་ དམ་ཆོས་རིག་འཛིན་གྱིས་ མི་དབང་མཆོག་ལས་ དེ་བཟུམ་མའི་ ངོས་འཛིན་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་བཞིན་དུ་ དེ་ཡང་ འབྲུག་མི་ག་རའི་ གཅིག་རུབ་ཀྱི་ གྲུབ་འབྲས་ཅིག་ཨིན་ཟེར་ཨིན་པས།

ངོས་འཛིན་དེ་ ལྟ་བཤལ་པའི་ འགན་འཁྲི་འབག་མི་ འབྲུག་མི་ག་རའི་དོན་ལུ་ཨིནམ་ལས་ ག་ར་གིས་ མཉམ་འབྲེལ་ཅིག་སྦེ་ བརྩི་སྲུང་འབད་དགོ་ཟེར་ དམ་ཆོས་རིག་འཛིན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ འབྲུག་ཐུགས་སྲས་གཟེངས་བསྟོད་དེ་ འབྲུག་པའི་རྒྱལ་སྤྱི་ལྟ་བཤལ་མགྲིན་ཚབ་དང་ ལྟ་བཤལ་ལས་སྡེའི་ཆ་རོགས་ཚུ་གི་ བརྩོན་ཤུགས་ཨིནམ་ད་ ལྟ་བཤལཔ་དེ་ འབྲུག་ལུ་ཡུན་བརྟན་སྦེ་ གནས་ཏེ་བཞག་དགོ་ཟེར་ཨིན་པས།

དམ་ཆོས་རིག་འཛིན་གྱིས་ སླབ་མིའི་ནང་ གོ་སྐབས་བཟོ་སྟེ་ རང་དབང་རང་བཙན་སྒྲིང་སྒྲི་ དེ་ལས་ འབྲུག་པའི་ངོ་རྟགས་ གོང་འཕེལ་གཏང་དགོཔ་ད་ ལྟ་བཤལ་ལས་སྡེ་ ཁ་ཐུག་ལས་ འབྲུག་དེ་ རིན་ཐང་ཆེ་བའི་ ལྟ་བཤལ་པའི་ས་གོ་དང་ འབྲུག་གི་གཏམ་སྙན་གྲགས་ ཡར་དྲག་གཏང་ནི་ལུ་ ཁས་ལེན་འབད་དེ་ ཡོད་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༩ པའི་ ནང་འཁོད་ལུ་ འབྲུག་ལུ་ རྒྱལ་སྤྱི་ལྟ་བཤལཔ་༣༡,༠༧༣ དང་ ལུང་ཕྱོགས་ལྟ་བཤལཔ་༦༤,༥༦༠ བརྩིས་ཏེ་ ལྟ་བཤལཔ་ཡོངས་བསྡོམས་༩༥,༦༣༣ འོང་ཡོདཔ་ཨིན་པས།

གཞུང་གིས་ འཆར་གཞི་༡༣ པའི་ནང་ ལྟ་བཤལ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༥ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༣ ལུ་ འབྲུག་ལུ་ ལྟ་བཤལཔ་༡༠༣,༠༠༠ འོང་སྟེ་ གཞུང་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༢ བཟོ་ཡོདཔ་ཨིན་པས།

འབྲུག་ལུ་ ལྟ་བཤལ་དེ་ སྤྱི་ལོ་༡༩༧༤ ལུ་ འགོ་བཙུགས་ཏེ་ ལོ་དེ་ནང་ ལྟ་བཤལཔ་༢༨༧ འོང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement