ལས་སྡེ་གིས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ ནང་འཁོན་ཐོད་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༣༠ ལྷན་ཐབས་འབད་ནི་ཨིན་པས།
༉ གཞུང་གིས་ ལྟ་བཤལ་ལས་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ དམིགས་གཏད་བསྐྱེད་མི་དང་བསྟུན་ དཔལ་འབྱོར་ལྷན་ཐབས་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༥ ལས་ དངུལ་ཀྲམ་ཐེར་འབུམ་༢ ལྟ་བཤལ་ལས་སྡེ་ལུ་ བགོ་བཀྲམ་འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ འབྲུག་ལྟ་བཤལ་ལག་ལེན་ཚོགས་སྡེའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་སྐབས་ ལྟ་བཤལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་ཡོདཔ་ད་ མ་རྩ་གཞི་བཙུགས་འབད་མི་དེ་ཡང་ ནད་ཡམས་གྱིས་ ལྟ་བཤལ་ལས་སྡེ་ འབྱེམ་ཕོག་མི་ལུ་བརྟེན་ ལོག་གོང་འཕེལ་གཏང་ཐབས་ལུ་ དམིགས་ཏེ་ཨིན་པས།
བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གིས་ རྒྱལ་ཁབ་ནང་ ལོ་བསྟར་ལྟ་བཤལཔ་༣༠༠,༠༠༠ འོང་ནི་དང་ འོང་འབབ་དངུལ་ཀྲམ་ཐེར་བུམ་༢.༥༦ བཟོ་ནི་གི་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
དུས་ཅི་གི་ དམིགས་གཏད་དེ་ ལྟ་བཤལཔ་༢༠༠,༠༠༠ བསྐྱེད་མི་གྲས་ལས་ རྒྱ་གར་༧༠ འོང་ནི་ཨིནམ་ད་ ཁོང་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་སྦེ་ ཉིན་བསྟར་ དངུལ་ཀྲམ་༡,༢༠༠ སྤྲོད་དགོ་ནི་དང་ བརྒྱ་ཆ་༣༠ ཡུ་ཨེསི་ཌོ་ལར་༡༠༠ སྤྲོད་མི་ ཕྱིའི་ལྟ་བཤལཔ་འོང་ནི་ཨིན་པས།
ལྷན་ཁག་གིས་ སྤྱི་ལོ་༢༠༢༥ ལུ་ རྒྱ་གར་གྱི་ལྟ་བཤལཔ་ བརྒྱ་ཆ་༦༠ དང་ ཌོ་ལར་སྤྲོད་མི་ ལྟ་བཤལ་བརྒྱ་ཆ་༤༠ འོང་བཅུག་ནི་གི་ འཆར་གཞི་ཡོདཔ་ད་ དེ་གི་ཤུལ་ལས་ བརྒྱ་ཆ་༥༠;༥༠ བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ནང་འཁོད་ལུ་ འབྲུག་ལུ་ ལྟ་བཤལཔ་༤༡,༣༩༠ འོང་མིའི་གྲས་ལས་ བརྒྱ་ཆ་༥༨.༤ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ཨིན་པས།
ལྟ་བཤལ་ལས་ཁུངས་ལས་ དམ་ཆོས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་དངུལ་ཚུ་ཡང་ ལྟ་བཤལ་ཐོན་སྐྱེད་ ལག་བཟོ་ཚོང་ཁང་གསརཔ་བཟོ་ནི་དང་ གནམ་ནུབ་མོའི་ཚོང་ཁང་ གཞི་བཙུགས་འབད་ནི་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འོས་འབབ་ལྡན་པའི་ ས་ཁོངས་ཚུ་ཡང་ ཐིམ་ཕུག་ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ལུ་ ངོས་འཛིན་འབད་དེ་ཡོདཔ་ད་ ཁྲོམ་གསརཔ་གིས་ ནང་འཁོད་ལག་ཤེསཔ་ཚུ་ ལག་བཟོ་དང་ རི་མོ་ སྙན་ཆ་ཚུ་ གསལ་སྟོན་འབད་ནི་ གོ་སྐབས་འཐོབ་ནི་མ་ཚད་ ལྟ་བཤལཔ་ཚུ་གིས་ རང་ལུགས་ལམ་སྲོལ་གྱི་ ཉམས་མྱོང་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལཔ་ཚུ་ འབྲུག་ལུ་འོང་ནི་གི་ སེམས་ཤུགས་ཐོབ་ཐབས་ལུ་ བེང་ཀོག་དང་ རྒྱ་གར་གྱི་ ཁྲོམ་སྡེ་༤ ནང་ འབྲུག་དུས་སྟོན་བདུན་ཕྲག་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
འབྲུག་ལུ་ འོང་ཚུགསཔ་བཟོ་ནིའི་དོན་ལས་ ལྷན་ཁག་གིས་ གནམ་གྲུའི་གླ་ཆ་ ཕབ་ནི་གི་ ལཱ་འབད་བའི་བསྒང་ཡོདཔ་ད་ གླ་ཆ་མཐོ་དྲགས་སྦེ་ཡོདཔ་ལས་ ལྟ་བཤལཔ་མང་ཤོས་ཅིག་གིས་ རྒྱ་གར་ བཱག་ཌོ་ར་ལས་ ཕུན་ཚོགས་གླིང་བརྒྱུད་དེ་ འོང་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ ལྟ་བཤལ་ལམ་སྟོན་པ་དང་ ཟ་ཁང་གི་ལས་བྱེདཔ་ ལྟ་བཤལ་ལག་ལེན་པ་ དེ་ལས་ གྲོང་གསེབ་སྡོད་ཁྱིམ་གྱི་ ལས་བྱེདཔ་ཚུ་གི་ རིག་རྩལ་ཡར་དྲག་གཏང་ཐོག་ལས་ ལྕོག་གྲུབ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
ལྷན་ཁག་གིས་ ལྟ་བཤལཔ་ཚུ་གི་ སེམས་ཤུགས་ཐོབ་ནིའི་དོན་ལུ་ དམིགས་བསལ་གྱི་ ས་ཁོངས་ཚུ་ནང་ གཞན་དང་མ་འདྲ་བའི་ ཐོན་སྐྱེད་ཚུ་ ངོས་འཛིན་འབད་ནི་ འཆར་གཞི་ཡོདཔ་ཨིན་པས།
གཞུང་གིས་ འཕྲལ་མགྱོགས་ར་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམསས་ དེ་ལས་ འགྲེམ་སྟོན་(མའིས་)གྱི་དོན་ལུ་འོང་མི་ ལྟ་བཤལཔ་ཚུ་ལུ་ ཡུན་བརྟང་གོང་འཕེལ་གྱི་འཐུས་ སྤྲོད་མ་དགོ་པའི་ ལམ་ལུགས་འགོ་བཙུགས་ནི་ཨིན་པས།
དམ་ཆོས་བསྟན་འཛིན་གྱིས་ སླབ་མིའི་ནང་ འཐུས་སྤྲོད་མ་དགོ་བཟོ་མི་གིས་ ལྟ་བཤལ་མིན་པའི་ དབྱེ་ཁག་ནང་ ལག་ལེན་འཐབ་ནི་ཨིནམ་ད་ མའིས་ལྟ་བཤལཔ་ཚུ་ལུ་ ཉུང་མཐའ་ལྟ་བཤལཔ་༡༥ ལུ་ ལོ་ཅིག་གི་དོན་ལུ་ སྡོད་ཞག་༥ འཐུས་སྤྲོད་མ་དགོ་པའི་ ལ་ལུགས་བཟོ་འོང་ཟེར་ཨིན་པས།
ལྷན་ཁག་གི་དྲུང་ཆེན་ བཀྲིས་དབང་མོ་གིས་ སླབ་མིའི་ནང་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ སྒེར་སྡེ་ཚུ་ལས་ མཉམ་འབྲེལ་བྱིན་དགོཔ་དེ་ གལ་ཅན་ཅིག་ཨིནམ་ད་ ལྷན་ཁག་གིས་འབད་རུང་ ཚོང་འབྲེལ་འབད་ནི་གི་ གནས་སྟངས་ལྷན་ཐབས་འབད་ནི་ ཁས་ལེན་འབད་དེ་ཡོདཔ་བཞིན་དུ་ ད་རེས་ མ་འོངས་ལོ་ཚུ་ནང་ བཟོ་གྲྭ་གོང་འཕེལ་གཏང་ནི་གི་ ལམ་སྟོན་བཟུམ་ཅིག་སྦེ་ ལྟ་བཤལ་ཐབས་བྱུས་འཆར་གཞི་ཨམ་ཅིག་ བཟོ་ནི་གི་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།