༉ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ ཁོང་རའི་ བཙག་འཐུའི་ཁས་བླངས་ཚུ་གི་སྐོར་ལས་ གནས་ཚུལ་གསར་བཏོན་ཐོག་ལས་ དྲན་སྐུལ་འབད་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་གསརཔ་གིས་ ཕུན་ཚོགས་གླིང་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ འཐུས་མ་ཕོགཔ་བཟོ་མི་དང་ བློན་ཆེན་གྱི་ཁྲི་འཛིན་ཐོག་ལས་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ལ་སོགས་པ་ཚུ་ གཞི་བཙུགས་འབད་མི་ལུ་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ ངོས་ལེན་འབད་ཡོད་རུང་ ཁས་བླངས་གཞན་ཚུ་ གང་མགྱོགས་འབད་དགོཔ་སྦེ་བཀོད་ནུག།
ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གཞུང་གསརཔ་དབུ་བརྙས་ཏེ་ ཉིན་གྲངས་༩༠ ལང་ཡོདཔ་ལས་ དངོས་སུ་གོང་འཕེལ་གཏང་ནིའི་ ཁས་བླངས་༩ འགྲུབ་མ་ཚུགས་པར་ འདུག་ཟེར་ཨིན་པས།
གཞུང་གི་ཁས་བླངས་ཚུ་ཡང་ སློབ་དཔོན་ཚུ་གི་ལཱ་དང་ འཕྲོད་ཁམས་བར་ན་ བདེ་ཐབས་འབད་ཚུགས་ནིའི་དོན་ལུ་ རེས་གཟའ་ཉིནམ་འདི་ གཞུང་འབྲེལ་གྱི་ ལཱ་འབད་མ་དགོ་པའི་ཉིནམ་སྦེ་ ཁྱབ་བསྒྲགས་འབད་ནི་དང་ འཛུལ་སྒོ་དང་འཐོན་སྒོ་བརྩིས་ཏེ་ ཚོང་འབྲེལ་དབང་འཛིན་གྱི་ བྱ་རིམ་བསྐྱར་ཞིབ་འབད་ནི་ཚུ་ཨིན་པས།
དེ་ལས་ ཚོང་འབྲེལ་རྒྱུན་ལེགས་ཐོན་གྱི་དོན་ལུ་ དཀའ་ངལ་ཚུ་བསལ་ཏེ་ རྒྱབ་སྣོན་ངོ་སྦྱོར་གྱི་ བསྐྱར་ཞིབ་འབད་བའི་གྲུབ་འབྲས་ ཟླ་ངོ་༣ གྱི་ནང་འཁོད་ སྙན་ཞུ་འབད་དགོ་པའི་ གསལ་སྟོན་འབད་ནི་དང་ ཕྱིའི་མ་རྩ་གཞི་བཙུགས་དེ་ ཚོང་འབྲེལ་སྟབས་བདེ་ཏོག་ཏོ་དང་ ཕྱིའི་མ་རྩ་གཞི་བཙུགས་གྱངས་ཁ་ མང་ཤོས་དང་ ཕྱིའི་མ་རྩ་གཞི་བཙུགས་ དེ་གིས་ ལས་སྡེ་ཆུང་བ་དང་ བར་མ་ཚུ་ནང་ ཕྱིའི་མ་རྩ་གཞི་བཙུགས་གནང་བ་བྱིན་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ལུ་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་བཏོན་ནི་ཚུ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ སློབ་དཔོན་ཚུ་གིས་ ད་ལྟོ་ ལག་ལེན་འཐབ་སྟེ་ཡོད་པའི་ རང་སོའི་ལཱ་གི་འཆར་གཞི་གི་ཚབ་ལུ་ ཐབས་རིག་གཞན་བརྩམ་དགོ་པའི་ བཀའ་རྒྱ་གནང་ནི་གི་ ཁས་བླངས་འབད་ནུག།
དེ་མ་ཚད་ ཁས་བླངས་གཞན་གཅིགཔོ་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ང་བཅས་རའི་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ ལྟ་བཤལ་པའི་གྱངས་ཁ་༣༠༠,༠༠༠ རེ་ འོང་ཚུགས་ཐབས་ཀྱི་ དམིགས་གཏད་འགྲུབ་ཐབས་ལུ་ ལོགས་སུ་སྦེ་ ལཱ་གི་འཆར་གཞི་བརྩམ་དགོ་པའི་ ཆེ་མཐོའི་བཀའ་རྒྱ་གཏང་ནི་དེ་ཨིན་པས།
ད་ལྟོ་ཡོད་པའི་ ལྟ་བཤལ་པའི་ ཡུན་བརྟན་གོང་འཕེལ་མ་དངུལ་དང་ བསྒྱུར་བཅོས་འབད་དགོཔ་གཞན་གྱི་ བྱ་རིམ་ཚུ་གི་ བསྐྱར་ཞིབ་འབད་ནི་ཚུ་ཚུདཔ་ཨིནམ་ད་ འཆར་གཞི་བརྩམ་པའི་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བལྟ་བཤལ་དང་འབྲེལ་བ་ཡོད་མི་ ཆ་མཉམ་དང་ གྲོས་བསྟུན་འབད་དེ་བརྩམས་ནི་གིས་ ཁས་བླངས་འབད་ཡོདཔ་ཨིན་པས།
གཞུང་གིས་ ཁག་འབག་ལས་གཡོགཔ་ཚུ་ གཏན་འཇགས་ཀྱི་ལས་གཡོག་གུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ དམིགས་གཏད་འདི་གི་ཐོག་ལུ་ ལཱ་འབད་མི་གི་ འཐུས་མི་ཚུ་བཙུགས་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ནང་ ནང་འཁོད་ཚོགས་ཆུང་གཞི་བཙུགས་འབད་ནི་གི་ ཁས་བླངས་ཡང་ འབད་ཡོདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ བཀོད་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ གལ་གནད་ཅན་གྱི་ ཁས་བླངས་འབད་མི་ཚུ་ མ་ཤེས་པར་ བཞག་ནི་མི་འོང་ནི་ཨིནམ་ད་ གལ་སྲིད་ ཁས་བླངས་དེ་ལུ་ གཞི་འཛིན་མ་འབད་བ་ཅིན་ གཞུང་རྐྱངམ་གཅིག་མེན་པར་ གཞུང་སྐྱོང་གི་གནས་སྐབས་ག་ལུ་ བློ་གཏད་བསྐྱེད་མ་ཚུགསཔ་ འགྱོ་འོང་ཟེར་ཨིན་པས།
གཞུང་གིས་ དྭངས་གསལ་ཐོག་ལས་ འབྲེལ་ཡོད་ལས་སྡེ་དང་ འབྲུག་མི་ཚུ་ ཁས་བླངས་སམ་ དམ་བཅའ་འབད་མི་གི་ གནས་སྡུད་ཚུ་ བརྗེ་སོར་འབད་དགོཔ་སྦེ་ ལྡོག་ཕྱོགས་ཚོགས་པ་གིས་ བཀོད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།