༉ སྤ་རོ་ལྷ་སྡིངས་དགོན་པ་ལས་ སྐུ་བྱང་སྟོར་ཤོར་མི་དེ་ དབང་འཛིན་ཚུ་གིས་ ནེ་པཱལ་ལུ་འཚོལ་དོ་ཡོདཔ་ད་ དེ་གི་དོན་ལུ་ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ རྒྱལ་སྤྱི་ཁྲིམས་འགལ་ཉེས་ཅན་ཁྲིམས་སྲུང་ལས་ཚོགས་ལས་ གྲོགས་རམ་ལེན་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༥ ལུ་ ལྷ་སྡིངས་དགོན་པ་ལས་ དུས་རབས་༡༣ པའི་ནང་བཞེངས་མི་ སྐུ་འདྲ་གངས་ཅན་མི་ རྡོ་རྗེ་རྣམ་འཇོམས་དང་ རྡོ་རྗེ་འཆང་གཉིས་ བྱང་སྟོར་ཤོར་ཡོདཔ་ཨིན་པས།
ཀུན་གསལ་ལུ་བཤད་མིའི་ནང་ སྐུ་འདྲ་གཉིསཔོ་དེ་ ནེ་པཱལ་ལུ་ཡོདཔ་སྦེ་ ངོས་འཛིན་བྱུང་ནུག་ཟེར་ཨིནམ་ད་ ནེ་པཱལ་ལས་ གནས་ཚུལ་བསྐྱལ་མི་གིས་ སྐུ་འདྲ་གཉིས་ཡོད་མི་ལས་ རྣམ་འཇོམས་ཀྱི་སྐུ་འདྲའི་པར་དེ་ ཁྲིམས་སྲུང་འགག་པ་ལུ་ བཏང་ཡོདཔ་ད་ གཞན་མི་དེ་ གྲོགས་རམ་ཐོག་ལས་ འཚོལ་དོ་ཡོདཔ་བཞིན་དུ་ སྐུ་གི་ཚོན་ཁྲ་ཚུ་ དུམ་གྲ་ཅིག་ བསྒྱུར་བཅོས་འབད་དེ་ མ་འདྲཝ་སྦེ་བཟོ་ཡོདཔ་བཞིན་དུ་ སྐུ་གཉིསཔོ་དེ་ ནེ་པཱལ་ལུ་ཡོདཔ་ ངེས་བདེན་ཨིནམ་ལས་ ནེ་པཱལ་གྱི་ ཁྲིམས་སྲུང་འགག་པ་གིས་ སྐུ་འདྲ་གཉིས་བཞག་སའི་ ས་ཁོངས་ཚུ་ཡང་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྤ་རོའི་ ཁྲིམས་སྲུང་འགག་པ་གིས་ ལྟེ་བ་ལུ་ཡི་གུ་བྲིས་ཐོག་ལས་ ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་ ནེ་པཱལ་ཀཱཐ་མཱན་ཌུ་ལུ་ གཏང་ནི་སྦེ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བྱ་ངན་འབད་བའི་ མཛུབ་མོའི་པར་ཚུ་ལེན་ཡོད་རུང་ ལེགས་ཤོམ་སྦེ་ ངོས་འཛིན་འབད་མ་ཚུགས་མི་དེ་ཡང་ པར་ཚུ་རབ་རིབ་འཚམས་ཅིག་ འབད་ནི་དེ་གིས་ཨིནམ་ད་ ཞིབ་དཔྱད་མཐིལ་ཕྱིན་འབད་ནིའི་དོན་ལུ་ ཚན་རིག་བརྟག་དཔྱད་ཚུ་ འབད་དོ་ཡོདཔ་ད་ ད་ཚུན་ དོགས་པ་ཅན་དེ་ འཛིན་བཟུང་འབད་མ་ཚུགསཔ་ཨིན་པས།
འདི་བཟུམ་གྱི་ ནང་རྟེན་བྱིན་ཅན་ཚུ་ འཚོལ་ནིའི་དོན་ལུ་ ངོས་འཛིན་འབད་ཚུགས་མི་དེ་ཡང་ ནེ་པཱལ་ལུ་ བོད་པའི་ཁ་སྐད་སླབ་མི་གཉིས་ཀྱིས་ སྐུ་འདྲ་དེ་ ནག་ཚོང་འཐབ་ནིའི་སྐོར་ལས་ གོང་ཚད་སྒྲིག་པའི་ལོ་རྒྱུས་སླབ་ད་ ཧ་གོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ལོ་རྒྱུས་སླབ་མི་དེ་ འབྲུག་ལས་ བྱང་སྟོར་ཤོར་མི་ སྐུ་འདྲ་གཉིས་ཀྱི་སྐོར་ལས་ ལོ་རྒྱུས་སླབ་ཡོད་མེད་ གཏན་འཁེལ་སྦེ་ ཧ་གོ་མ་ཚུགསཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ མི་དེ་གིས་ ཚོང་འབྲེལ་གྱི་དོན་ལུ་ བདེ་སྒྲིག་འབདཝ་ད་ ཁོ་ལུ་ཡོད་པའི་ རྒྱུ་དངོས་དེ་ ཚོང་འབྲེལ་འཐབ་པ་ཅིན་ རྒྱ་ནག་གི་དངུལ་ ཡེན་༢༠༠,༠༠༠,༠༠༠ དང་༣༠༠,༠༠༠,༠༠༠ གྱི་བར་ན་ འཐོབ་ཚུགས་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།