༉ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ གཞུང་གི་ཡིག་ཚང་ཚུ་ནང་ ལེབ་ཊོབ་དང་ ཌེསི་ཊོབ་མཁོ་སྒྲུབ་འབད་ནིའི་ ཐད་ཀར་ཁག་འབག་དེ་ དངུལ་རྩིས་ལྷན་ཁག་གིས་ ཆ་མེད་བཏང་ཡོདཔ་ཨིན་པས།
གྲོས་ཆོད་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་བཏང་མི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་བཞིན་དུ་ མཁོ་སྒྲུབ་དང་ རྒྱུ་དངོས་ལས་ཁུངས་ཀྱིས་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༡ ལས་འགོ་བཙུགས་ཏེ་ ཉིན་གྲངས་༣༠ འི་རིང་ ཆ་མེད་ཀྱི་ གསལ་བསྒྲགས་ཅིག་ཡང་ འབད་ཡོདཔ་ཨིན་པས།
ཧེ་མ་ ཀུན་གསལ་གྱིས་ ཁག་འབག་རིན་བསྡུར་ ཐད་ཀར་དུ་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ བྱིན་མི་དེ་ མཁོ་སྒྲུབ་ཀྱི་ བཅའ་ཡིག་དང་སྒྲིག་གཞི་ལས་ བརྒལ་བ་ཨིན་པའི་སྐོར་ལས་ གནས་ཚུལ་ཅིག་ སྤེལ་ཡོདཔ་ཨིན།
ད་རེས་ནངས་པ་ མཁོ་སྒྲུབ་དང་ རྒྱུ་དངོས་ལས་ཁུངས་ཀྱིས་ གཞུང་གི་ཀམ་པུས་ཊར་གྱི་དོན་ལུ་ མཁོ་སྒྲུབ་ཐབས་ལམ་གསརཔ་ཅིག་གི་ ལཱ་འབད་བའི་བསྒང་ཡོདཔ་ལས་ འཆར་དངུལ་ལས་སྡེ་ཚུ་གིས་ འཕྲལ་མགྱོགས་ར་ བསྐྱར་ཞིབ་འབད་བའི་ ལམ་ལུགས་གསརཔ་དང་ མཁོ་སྒྲུབ་ལེགས་བཅོས་འབད་བའི་ ཁ་གསལ་ཚུ་ འཐོབ་ཚུགས་ནི་ཨིན་པས།
གནད་དོན་དེ་ཡང་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༤-༢༥ ལོའི་དོན་ལུ་ ལེབ་ཊོབ་མཁོ་སྒྲུབ་ཀྱི་ ཁག་འབགཔ་དེ་ ཐད་ཀར་དུ་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ བྱིན་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
དེ་བསྒང་ དངུལ་རྩིས་ལྷན་ཁག་གིས་ ཐད་ཀར་ཁག་འབག་དེ་ མཁོ་སྒྲུབ་ཀྱི་ལམ་ལུགས་ གནས་ཚད་ཅན་བཟོ་ནི་དང་ འཇོན་ཐངས་ལྷན་ཐབས་ དེ་ལས་ གནས་ཚད་ཅན་གྱི་ ཐོན་སྐྱེད་དང་འབྲེལ་བའི་ ཉེན་ཁ་ཚུ་ མར་ཕབ་འབད་ཐབས་ལུ་ཨིན་ཟེར་ དོན་ཁུངས་བཟངམ་ཨིན་པས།
འབྲུག་ཚོང་འབྲེལ་ལས་འཛིན་ལུ་ ཐད་ཀར་དུ་ ཁག་འབགཔ་གི་ བྱིན་མི་ལུ་ སྒེར་གྱི་བརྡ་དོན་འཕྲུལ་རིག་ལས་སྡེ་ཚུ་གིས་ ངོས་ལེན་མེདཔ་ད་ ཁོང་གིས་ བཀོད་མིའི་ནང་ འདྲ་མཉམ་མེད་པའི་ཁར་ མཁོ་སྒྲུབ་ཀྱི་བཅའ་ཡིག་དང་སྒྲིག་གཞི་ལས་ འགལ་བ་ཨིན་མས་ཟེར་ཨིན་པས།
སྒེར་སྡེ་ཚུ་གིས་ འབྲུག་ཚོང་འབྲེལ་ལས་འཛིན་བརྩིས་ཏེ་ ལས་སྡེ་ག་ར་གིས་ གོ་སྐབས་འདྲ་མཉམ་ཐོག་ལས་ རིན་བསྡུར་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
བརྡ་དོན་འཕྲུལ་རིག་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ གཞུང་ལས་ གྲོས་བསྟུན་མེདཔ་ལས་ མཁོ་སྒྲུབ་ཀྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༣ ཅན་མ་ལས་ འགལ་བ་སོང་ནུག་ཟེར་ཨིན་པས།
མཁོ་སྒྲུབ་ཀྱི་བཅའ་ཡིག་དང་སྒྲིག་གཞི་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ དངུལ་ཀྲམ་ས་ཡ་༡༥ ལས་ ཡན་ཆད་ཡོད་པ་ཅིན་ ངེས་པར་དུ་ རིན་བསྡུར་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༡༠ དང་ དངུལ་ཀྲམ་ས་ཡ་༡༥ བར་ན་ ཡང་ཅིན་ རྒྱུ་དངོས་དངུལ་ཀྲམ་༥༠,༠༠༠ དང་ དངུལ་ཀྲམ་ས་ཡ་༡ བར་ན་ ཡོད་པ་ཅིན་ མཁོ་སྒྲུབ་ཀྱི་ རིན་བསྡུར་འབད་མ་དགོཔ་སྦེ་ ཡོདཔ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།