༉ ལྷུན་རྩེ་ སྨད་ཚོ་རྒེད་འོག་ནང་ ནུས་ཤུགས་མེ་ག་ཝཱཊ་༣༢ འབད་མི་ གཡུང་གི་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་འབད་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་ ལཱ་འབད་ནི་འགོ་བཙུགས་པའི་བསྒང་ལས་ དེ་གིས་ ཕན་ཐོགས་འབྱུང་ནི་ཨིན་མི་དེ་ཡང་ གཞི་རྟེན་མཁོ་ཆས་དང་སྦྲགས་པའི་ ལཱ་གཡོག་གི་གོ་སྐབས་གསརཔ་ དེ་ལས་ དཔལ་འབྱོར་གྱི་འཕེལ་ཚད་ཚུ་ ངམ་ངམ་ཤུགས་ཀྱིས་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་པས།
སྒོར་ཤོམ་གཡུས་ཚན་ལས་ ཚེ་རིང་ལྷ་མོ་གིས་ བཤད་མིའི་ནང་ འདི་བཟུམ་གྱི་གོང་འཕེལ་གྱིས་ མི་ཚེའི་གནས་སྟངས་ལུ་ སྒྱུར་བཅོས་སྦོམ་ར་ བྱུང་ཡི་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ འཁོར་ལམ་གསརཔ་བསལ་མི་དང་ ཟམ་རྐྱབ་མི་གིས་ སྐྱེལ་འདྲེན་འབད་ནི་ལུ་ གྱུར་བ་སྦོམ་ར་སོང་ཡོདཔ་མ་ཚད་ གཡུས་མི་ཚུ་ལུ་ ཉིན་བསྟར་གྱི་གནས་སྟངས་ནང་ ལཱ་འབད་ནི་ལུ་ འཇམ་ཏོང་ཏོ་སོང་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ ཚོང་འབྲེལ་འཐབ་ཚུགས་པས་ཟེར་ཨིནམ་ད་ སྤྱིར་བཏང་འབད་བ་ཅིན་ ས་གནས་ཨའུ་མཚོ་དང་ མོང་སྒར་ལུ་ཚོང་བཙོང་པར་འགྱོ་ནི་དེ་ ལམ་ཐག་རིང་བའི་ཁར་ སྐྱེལ་འདྲེན་གྱི་ གླ་ཆ་ཡང་མཐོ་དྲག་ཡོད་ཟེར་ཨིནམ་ད་ ད་རེས་ནངས་པར་འབད་བ་ཅིན་ ང་བཅས་ཀྱི་ སོ་ནམ་ཐོན་སྐྱེད་ཚུ་ གློག་མེ་ལས་འགུལ་གྱི་ ས་ཁོངས་ནང་ ཚོང་འབྲེལ་འཐབ་ཚུགསཔ་ལས་ དེ་གིས་ ང་བཅས་ལུ་ དུས་ཚོད་ལེ་ཤ་མི་འགོརཝ་མ་ཚད་ མ་དངུལ་ཡང་ལེགས་ཤོམ་སྦེ་ བཟོ་ཚུགས་པས་ཟེར་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༤༣ ལང་མི་ ཐུགས་རྗེ་ལྷ་མོ་གིས་ བཤད་མིའི་ནང་ ལས་འགུལ་འདི་ལུ་བརྟེན་ གཞོང་མེད་དང་ གོང་དར་ དེ་ལས་ ཨོང་སྒར་གྱི་གཡུས་ཚན་ཚུ་ལུ་ གོ་སྐབས་སྦོམ་ར་ ཐོབ་ཅི་ཟེར་ཨིན་པས།
སོ་ནམ་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མི་གིས་ མ་ཚད་པར་ སྒོ་ནོར་གྱི་ཐོན་སྐྱེད་ ཨོམ་དང་ མར་ དར་ཚིལ་ཚུ་བཙོང་པའི་གུ་ ལས་འགུལ་ནང་ གནས་སྐབས་ཀྱི་ ལཱ་གཡོག་ཡང་ཐོབ་ཚུགས་པས་ཟེར་ཨིནམ་ད་ ལས་འགུལ་གྱིས་ ས་གནས་ཁག་སོ་སོ་ཚུ་ནང་ལས་ཕར་ འཁོར་ལམ་བཏོན་མི་གིས་ ང་བཅས་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
སྒོར་ཤོམ་གཡུས་ཚན་ལས་ ཆོས་སྒྲོན་གྱིས་ བཤད་མིའི་ནང་ གཞི་རྟེན་མཁོ་ཆས་ ལེགས་བཅོས་འབད་མི་གིས་ མོང་སྒར་དང་ ཨའུ་མཚོ་ལུ་ འགྱོ་མ་དགོཔ་ལས་ ཁེ་ཕན་འདུག་ཟེར་ཨིན་པས།
ང་བཅས་ཀྱི་གཡུས་ཚན་ནང་ འདི་བཟུམ་གྱི་ འགྱུར་བ་ཚུ་འོང་ནི་གི་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ གློག་མེ་འཕྲུལ་ཁང་རྐྱངམ་གཅིག་མེན་པར་ ང་བཅས་ཀྱི་ ས་ཁོངས་ནང་ གོང་འཕེལ་འགྱོ་མི་དེ་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ཨིནམ་བཞིན་དུ་ ང་བཅས་ལུ་ ཁེ་ཕན་སྦོམ་ར་བྱུང་ཡོདཔ་ལས་ མ་འོངས་པའི་ནང་ཡང་ འདི་བ་དྲགཔ་སྦེ་འགྱོ་འོང་ཟེར་ མནོ་བསམ་བཏང་དོ་ཟེར་ཨིན་པས།
སྒོར་ཤོམ་ཚོགས་པ་ ཀུན་དགའ་ཚེ་རིང་གིས་ བཤད་མིའི་ནང་ ལས་འགུལ་ལུ་བརྟེན་ ཁེ་ཕན་ཚུ་བྱུངམ་དང་འབྲེལ་ གནོད་པ་ཡང་ གཅིག་ཁར་འོངམ་མས་ཟེར་ཨིན་པས།
སྣུམའ་ཁོར་ཊག་དོས་འབག་མི་ཚུ་གིས་ འཁོར་ལམ་དང་ ཆུ་གཡུར་ཚུ་ མེདཔ་བཏངམ་མས་ཟེར་ཨིནམ་མ་ཚད་ ཐལཝ་ཐོན་མི་ལུ་བརྟེན་ ལོ་ཐོག་དང་ ཚོད་བསྲེ་ཚུ་ལུ་ གནོད་པ་བྱུངམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ མི་སེར་ཚུ་གི་ མནོ་བསམ་ལས་འབད་བ་ཅིན་ ལས་འགུལ་གྱི་ ལཱ་མཇུག་བསྡུ་བའི་བསྒང་ལས་ འཁོར་ལམ་ཚུ་ ལེགས་ཤོམ་བཟོ་འོང་ཟེར་ཨིན་པས།
ལས་འགུལ་ལུ་བརྟེན་ གཡུས་མི་ཚུ་གིས་ ཁོང་རའི་སྡོད་གནས་ཁང་ཚུ་ གླ་ཁར་བཏང་སྟེ་ མ་དངུལ་བཟོ་དོ་ཡོདཔ་ད་ ལཱ་གཡོག་གི་གོ་སྐབས་ཐོབ་མི་གིས་ གཡུས་མི་ཚུ་ལུ་ གོ་སྐབས་དང་ རིག་རྩལ་གསརཔ་ཐོབ་ཚུགས་པས་ཟེར་ཨིན་པས།
ད་ལྟོ་ འབྲུག་གློག་མེ་ནུས་ཤུགས་ཀྱི་ ལས་བྱེདཔ་༢༧ ཡོད་མི་གིས་ འཛིན་སྐྱོང་འབད་དོ་ཡོདཔ་ད་ ལས་འགུལ་ཚུ་ ལྟ་རྟོག་འབད་དེ་ ཞི་བའི་ཁག་འབགཔ་ རིག་གསར་བཟོ་སྐྲུན་སྒེར་སྡེ་གིས་ ལས་མི་༣༥༡ བཙུགས་ཡོདཔ་ད་ འབྲུག་གློག་ཤུགས་ཞབས་ཏོག་ཁག་འབགཔ་གིས་ ལས་བྱེདཔ་༡༥ བཙུགས་ཡོདཔ་སྦེ་ཨིན་པས།
ལས་མི་ལེ་ཤ་ཅིག་གིས་ ལས་འགུལ་གྱི་ལཱ་ནང་ ལཱ་འབད་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ལཱ་འབད་ནིའི་རིག་རྩལ་ཚུ་ ཐོབ་པའི་ཁར་ མ་འོངས་པའི་ནང་ ཁོང་ར་ལུ་ གོ་སྐབས་ཚུ་ཡོདཔ་ཨིན་པས།
འབྲུག་པའི་ཁག་འབགཔ་ཚུ་ལུ་ ཁག་འབག་ལཱ་གི་གོ་སྐབས་བྱིན་མི་གིས་ གློག་ཤུགས་ལས་འགུལ་ནང་ ལྕོགས་གྲུབ་བཏོན་ནི་ལུ་ གོ་སྐབས་སྦོམ་ར་ཐོབ་ཡོདཔ་ཨིན་པས།
ལས་འགུལ་དེ་ཁར་ གཞུང་འབྲེལ་གྱི་ ལས་སྣ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐབས་ལུ་ ཕན་ཚུན་མཉམ་འབྲེལ་ཐོག་ལས་ སྒྲིག་གཞི་དང་བསྟུན་ ལཱ་ཚུ་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།