༉ འབྲུག་ལུ་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་དང་ ཤེས་ཡོན་གོང་འཕེལ་གཏང་ནི་ དེ་ལས་ རྒྱལ་ཁབ་ནང་ བསྐྱར་གསོ་འབད་བཏུབ་པའི་ནུས་ཤུགས་ཀྱི་ཐབས་ཤེས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ འབྲུག་གིས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ གོང་འཕེལ་མ་དངུལ་འོག་ལུ་ ལས་འགུལ་ཆེ་བ་༣ འགོ་བཙུགས་ནི་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༩ ལུ་ འགོ་བཙུགས་མི་ ལུང་ཕྱོགས་ལས་འགུལ་ཚུ་གིས་ ཆུ་དང་འབྲེལ་བའི་དཀའ་ངལ་དང་ ཨ་ལུའི་ཤེས་ཡོན་ དེ་ལས་ སྐྱེ་ལྡན་མེ་རླུང་ཐོན་སྐྱེད་འབད་ནི་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ ཡུ་ཨེསི་ཌོ་ལར་ས་ཡ་༩.༧ ལྷགཔ་ཅིག་ བཏང་ཡོདཔ་ཨིན་པས།
ལས་འགུལ་འདི་ཚུ་ ལུང་ཕྱོགས་ནང་འཁོད་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཨེསི་ཌི་ཨེཕ་གི་དམིགས་ཡུལ་དང་ མཐུན་སྒྲིག་འབདཝ་ཨིན་པས།
ལས་འགུལ་འདི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་སཱག་གི་ འཐུས་མི་རྒྱལ་ཁབ་གཞན་༥ ནང་ཡང་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ལོ་༣ གྱི་ལས་འགུལ་འདི་ རྒྱ་གར་གྱིས་འགོ་འདྲེན་ཐོག་ མ་དངུལ་ཚུ་ བཏང་དོ་ཡོདཔ་ཧིན་པས།
ལས་འགུལ་དང་པ་དེ་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་འོག་ལུ་སྦེ་ རྒྱལ་ཡོངས་ཆུ་དང་འབྲེལ་བའི་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ ལག་ལེན་འཐབ་ནི་ཨིན་པས།
ལས་འགུལ་དེ་ དམིགས་ཡུལ་༣ ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ དེ་ཡང་ ཞིབ་འཇུག་ཡོངས་རྫོགས་འབད་དེ་ ཆུ་དང་འབྲེལ་བའི་འཕྲུལ་རིག་ཚུ་ ངོས་འཛིན་འབད་ནི་དང་ ཕྱུགགུ་གསོ་སྐྱོང་ཁང་ཚུ་ གོང་འཕེལ་གཏང་ནི་ དེ་ལས་ ཨམ་སྲུ་དང་ སོ་ནམ་པ་ཚུ་ལུ་ དབང་ཚད་བྱིན་ནིའི་དོན་ལུ་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་ནི་ཚུ་ཨིན་པས།
ལས་འགུལ་༢ པ་ སྤུས་ཚད་ཅན་གྱི་ཨ་ལུའི་གནས་སྟངས་གོང་འཕེལ་དང་ གཞི་རྟེན་ཤེས་ཡོན་གྱི་དོན་ལུ་ མཉམ་འབྲེལ་ཟེར་མི་དེ་ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཅན་གྱི་ ཨ་ལུ་ཚུ་བརྩིས་ཏེ་ ཨ་ལུ་ཚུ་ལུ་ སྤུས་ཚད་དང་ལྡན་པའི་ ལྷབ་སྦྱང་གི་མཐའ་འཁོར་ཚུ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
འཆར་དངུལ་ཡོངས་བསྡོམ་ ཡུ་ཨེསི་ཌོ་ལར་ས་ཡ་༤.༧༩ ཡོད་མི་ལས་ཕྱེད་ཀ་དེ་ཅིག་ ཨེསི་ཌི་ཨེཕ་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ གཞན་མི་ཚུ་ ཨ་ལུའི་ཉེན་སྐྱོབ་ལས་སྡེ་(སེཕི་ད་ཅིལ་ཌེན་)གིས་ མ་དངུལ་རྒྱབ་སྐྱོར་འབད་བའི་ཁར་ ལོ་༣ གྱི་ལས་འགུལ་དེ་ འབྲུག་གི་ ཤེས་རིག་ལས་ཁུངས་དང་ འབྲུག་ལྕོགས་གྲུབ་སྤྱི་ཚོགས་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཨ་ལོ་སྐྱོབ་པ་ སེཕི་ད་ཅིལ་ཌེན་གྱིས་ འཛིན་སྐྱོང་འཐབ་ནི་ཨིན་པས།
ལས་རིམ་དེ་གིས་ ཨ་ལུ་ཚུ་ལུ་ ལྷབ་སྦྱང་གི་མཐའ་འཁོར་བཟོ་ནི་དང་ གཅེས་སྐྱོང་འབད་མི་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ དེ་ལས་ འབྲེལ་གཏོགས་ཅན་ མ་འདྲཝ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
ལས་འགུལ་༣ པ་ ཁྱིམ་གྱི་ཕྱགས་སྙིགས་ལས་ ཚོང་འབྲེལ་གྱི་དོན་ལུ་ སྐྱེ་ལྡན་མེ་རླུང་བཟོ་ནི་ཟེར་མི་དེ་གིས་ ནུས་ཤུགས་ཀྱི་ དགོས་མཁོ་ཡར་སེང་འགྱོ་མི་དང་ འབྲུག་ལུ་ ཁྲོམ་ཚོགས་ནང་ལུ་ བཞེས་སྒོ་འབད་ནིའི་དོན་ལས་ ཁུ་བ་ཅན་གྱི་ ས་སྣུམ་ལས་ སྐྱེ་ལྡན་མེ་རླུང་ལུ་ བསྒྱུར་བཅོས་འབད་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།
ལོ་༢ ཀྱི་ལས་འགུལ་དེ་ནང་ འབྲུག་སྐྱེ་ལྡན་ཚོགས་སྡེ་གིས་ འཆར་དངུལ་ཡུ་ཨེསི་ཌོ་ལར་༩༤༨,༦༡༦-༤༤༨ དང་ མཉམ་འབྲེལ་མ་དངུལ་ ཡུ་ཨེསི་ཌོ་ལར་༥༠༠,༠༠༠ བྱིན་ནི་ཨིན་པས།
ཐབས་ལམ་དེ་གིས་ མཐའ་འཁོར་གནས་སྟངས་ གནམ་གཤིས་འགྱུར་བགྲོད་ལས་ཁུངས་དང་ ཐིམ་ཕུག་ཁྲོམ་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཐིམ་ཕུག་ལུ་ སྐྱེ་ལྡན་མེ་རླུང་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ནི་ཨིན་པས།
མཐུན་རྐྱེན་དེ་གིས་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ བཟོ་སྦྱོར་འབད་དེ་ ཚོང་འབྲེལ་གྱི་གནས་ཚད་ནང་ སྐྱེ་ལྡན་མེ་རླུང་དང་ སྐྱེ་ལྡན་ལུད་ཚུ་ བཟོ་སྦྱོར་འབད་ནི་ཨིན་པས།
དངུལ་རྩིས་བློན་པོ་དང་ ཨེསི་ཌི་ཨེཕ་གི་ གཞུང་སྐྱོང་ཚོགས་སྡེའི་འཐུས་མི་ ལས་སྐྱིད་རྡོ་རྗེ་གིས་ ལུང་ཕྱོགས་མཉམ་འབྲེལ་གྱི་ ཁག་ཆེ་བའི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ སྤྱིར་བཏང་གི་ དམིགས་ཡུལ་གྲུབ་ཐབས་ལུ་ འཐུས་མི་རྒྱལ་ཁབ་ཚུ་ གཅིག་སྒྲལ་འབད་ནི་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་གི་ འགན་ཁུར་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
ལས་འགུལ་༩༠ ལྷགཔ་ཅིག་ བརྗོད་དོན་ས་ཁོངས་༡༥ འི་ནང་ ལག་ལེན་འཐབ་ཡོདཔ་ལས་ ལྷོ་ཨེ་ཤི་ཡ་ལུ་ མི་སྡེ་གོང་འཕེལ་དང་དཔལ་འབྱོར་གོང་འཕེལ་ དེ་ལས་ དབུལ་ཕོངས་མར་ཕབ་འབད་ནི་ལུ་ ཨེསི་ཌི་ཨེཕ་གིས་ ཁས་བླངས་འབད་དེ་ཡོད་ཟེར་ ལུང་ཕྱོགས་གོང་འཕེལ་གྱི་དོན་ལུ་ འགན་ཁུར་འབག་མི་ཚུ་གི་སྐོར་ལས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༠ སྤྱི་ཟླ་༤ པའི་ནང་ ཐིམ་ཕུག་ལུ་ ཨེསི་ཌི་ཨེཕི་གིས་ ཡིག་ཚང་ལྟེ་བ་གཞི་བཙུགས་འབད་དེ་ཡོདཔ་ད་ མ་རྩ་ཡུ་ཨེསི་ཌོ་ལར་ས་ཡ་༧༠༡ ལྷགཔ་ཅིག་ གཞི་བཙུགས་འབད་དེ་ ད་ལྟོ་ཚུན་ཚོད་ ལུང་ཕྱོགས་གོང་འཕེལ་གྱི་དོན་ལུ་ དམིགས་བསལ་གྱིས་ གསོ་བ་དང་ཤེས་རིག་ སོ་ནམ་ ཆུ་ དེ་ལས་ གཙང་སྦྲ་ལས་སྡེ་ཚུ་ནང་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།
བཅོ་ལྔ་ལྷ་མོ།