༉ ད་རེས་འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་འགོ་འདྲེན་འཐབ་མི་ ལྷོ་ཨེ་ཤི་ཡ་ཀ་ར་ཏི་འགྲན་བསྡུར་ཐེངས་༨ པའི་ནང་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཨ་ནི་ཤ་རའེ་གིས་ འབྲུག་པའི་སྡེ་ཚན་ནང་ལས་ དྲག་ཤོས་ཐོན་ཡོདཔ་ཨིན་པས།
མོ་གིས་ སྐྱེས་ལོ་༢༡ མན་ཆད་འབད་མི་ སྡེ་ཚན་ནང་ལས་ དངུལ་གྱི་རྟགས་མ་༢ ཐོབ་ཡོདཔ་ད་ དེ་ཡང་ ངོ་རྐྱང་དང་ གོང་རིམ་གྱི་ སྡེ་ཚན་ནང་ལས་ཐོབ་ཡོདཔ་ད་ ཀུ་མི་ཏི་དབྱེ་སྡེ་ནང་ལས་ ཀེ་ཇི་༦༦ འབད་མི་ངོ་རྐྱང་གི་ ལི་གི་རྟགས་མ་ཅིག་ ཐོབ་ཡོདཔ་ཨིན་པས།
ཉིནམ་༢ ཀྱི་རྩེད་འགྲན་ནང་ ལྗིད་ཚད་དབྱེ་ཁག་༤ སྦེ་ཡོདཔ་ད་ གཞོན་ཤོས་སྐྱེས་ལོ་༢༡ མན་ཆད་དང་ གོང་རིམ་སྡེ་ཚན་ཚུ་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་གར་ ནེ་པཱལ་ ཤྲི་ལང་ཀ་རྒྱལ་ཁབ་ནང་ལས་ འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འབྲུག་པའི་ཀ་ར་ཏི་ཀ་རྩེད་མི་ཚུ་ མང་ཤོས་ར་ སློབ་ཕྲུག་ཚུ་ཡོདཔ་ཨིན་པས།
འབྲུག་པའི་ཀ་ར་ཏི་ རྩེད་མི་ཚུ་གིས་ དུས་ཅི་གི་རྩེད་འགྲན་ནང་ལས་ དྲག་ཤོས་དེ་ དུས་ཅི་ཐོན་ཡོདཔ་ད་ རྩེད་འགྲན་ནང་ འཐུས་མི་༤༧ གྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྒྱལ་རྟགས་༤༢ ཐོབ་མི་ལས་༣༧ ལི་གི་རྟགས་མ་ཚུ་ ཡོདཔ་ཨིན་པས།
འབྲུག་པའི་རྩེད་འགྲན་པ་ བརྒྱ་ཆ་༩༠ དེ་ཅིག་གིས་ རྟགས་མ་ཚུ་ ཐོབ་ཡོདཔ་ཨིན་པས།
ཨ་ནི་ཤི་གིས་ འདི་བཟུམ་གྱི་ གྲུབ་འབྲས་ཐོན་མི་དེ་ སྦྱོང་བརྡར་དང་ སེམས་ཤུགས་ སློབ་སྟོན་པ་ཚུ་གི་རྒྱབ་སྐྱོར་ དེ་ལས་ ཕམ་དང་ ཀ་ར་ཏི་ཚོགས་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ཕྱི་རྒྱལ་གྱི་ བཅའ་མར་གཏོགས་མི་ཚུ་བཟུམ་སྦེ་ ང་བཅས་ལུ་ སྦྱོང་བརྡར་ཚུ་ལངམ་སྦེ་ ཐོབ་མ་ཚུགས་རུང་ ཉིན་བསྟར་གྱི་ སྦྱོང་བརྡར་ལུ་ ཤུགས་བཏོན་མི་གི་ གྲུབ་འབྲས་ཨིན་ཟེར་ཨིན་པས།
ཨ་ནི་ཤ་གིས་ སྤྱི་ལོ་༢༠༢༥ གི་ ལྷོ་ཨེ་ཤི་ཡའི་ཀ་ར་ཏི་ འགྲན་བསྡུར་ནང་ལས་ཡང་ གྲུབ་འབྲས་ལེགས་ཤོམ་ཐོན་ཚུགས་པའི་ རེ་བ་ཡོད་ཨིན་པས།
འདི་བཟུམ་གྱི་ འགྲན་བསྡུར་དེ་ རིག་རྩལ་གོང་འཕེལ་དང་ ཉམས་མྱོང་ཚུད་ཐབས་ལུ་ མེད་ཐབས་མེདཔ་ཅིག་ཨིན་མས་ཟེར་ མོ་གིས་བཤད་པའི་ཁར་ ངེ་གི་ འགྲན་བསྡུརར་དེ་ མང་ཤོས་ར་ ཤྲི་ལངྐའི་རྩེད་འགྲན་པ་ཚུ་དང་གཅིག་ཁར་ ཨིན་ཟེར་ཨིནམ་བཞིན་དུ་ འབྲུག་པའི་ཀ་ར་ཏི་རྩེད་མི་ཚུ་ལུ་ ཁྱད་རིག་ཚུ་ཡོད་དེ་འབད་རུང་ ད་ལས་ཕར་ རྩ་འགེངས་དགོཔ་ཡང་འདུག་ཟེར་ཨིན་པས།
ལི་གི་རྟགས་མ་ཐོབ་མི་ འཇམ་གསལ་ཡེ་ཤེས་དབང་རྒྱལ་གྱིས་ རྩེད་འགྲན་ནང་ལས་ རྟགས་མ་ཚུ་ཐོབ་སྟེ་འབད་རུང་ གསེར་གྱི་རྟགས་མ་ཅིག་ཡང་ འཐོབ་མ་ཚུགས་མི་དེ་ དོ་འགྲན་ཅན་ཅིག་ ཨིན་མས་ཟེར་ཨིན་པས།
ང་གིས་ ལི་གི་རྟགས་མ་ཐོབ་ཚུགས་མི་ལུ་ སེམས་དགའ་ཡོད་རུང་ ད་རུང་ རྩ་འགེངས་དགོཔ་འདུག་ཟེར་ཨིནམ་ད་ འབྲུག་པའི་ཀ་ར་ཏི་གི་རྩེད་འགྲན་ནང་ རིག་རྩལ་ཚུ་ ཡར་རྒྱས་གཏང་དགོཔ་འདུག་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ བཤད་མའི་ནང་ འདི་བཟུམ་གྱི་རྩེད་འགྲན་ཚུ་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ཐོག་ལས་ རིག་རྩལ་དང་ བློ་སྟོབས་ཚུ་ གོང་འཕེལ་བཏང་དགོཔ་འདུག་ཟེར་ཨིན་པས།
བཅའ་མར་གཏོགས་མི་ གཞན་མི་ཅིག་གིས་ བཤད་མིའི་ནང་ འགྲན་བསྡུར་དེ་ རྒྱལ་ཁབ་ནང་འཁོད་ལུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཁོང་ལུ་གོ་སྐབས་ཚུ་ མང་སུ་འདུག་ཟེར་ཨིན་པས།
ནེ་པཱལ་གྱིས་ རྟགས་མ་བསྡོམས་༦༢ ཐོབ་ས་ལས་ གསེར་གྱི་རྟགས་མ་༣༡ དངུལ་གྱི་རྟགས་མ་༢༠ དེ་ལས་ ལི་གི་རྟགས་མ་༡༡ ཐོབ་ཡོདཔ་ད་ སྤྱིར་བཏང་རྩེད་འགྲན་པ་༦༨ ཡོདཔ་ཨིན་པས།
རྒྱ་གར་གྱི་སྡེ་ཚན་ནང་ བཅའ་མར་གཏོགས་མི་༧༣ ཡོད་ས་ལས་ རྟགས་མ་༦༠ ཐོབ་ཡོདཔ་ད་ དེ་ཡང་ གསེར་གྱི་རྟགས་མ་༢༧ དངུལ་ཀྱི་རྟགས་མ་༢༠ ལི་གི་རྟགས་མ་༡༣ ཐོབ་ཡོདཔ་ཨིན་པས།
ཤྲི་ལང་ཀ་གིས་འབད་བ་ཅིན་ གསེར་གྱི་རྟགས་མ་༥ དང་ དངུལ་གྱི་རྟགས་མ་༡༨ ལི་གི་རྟགས་མ་༣༡ ཐོབ་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡའི་ ཀ་ར་ཏི་འགྲན་བསྡུར་དེ་ འབྲུག་ལུ་ཐེངས་དང་པ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ འབྲུག་གི་ཀ་ར་ཏི་ཚོགས་སྡེ་གིས་ དུས་སྟོན་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཨེ་ཤི་ཡ་ཀ་ར་ཏི་ཚོགས་སྡེ་གིས་ སྦྱོང་བརྡར་ཚུ་ མང་སུ་འགོ་འདྲེན་འཐབ་ཐོག་ལས་ མ་འོངས་པའི་ནང་ ཀ་ར་ཏི་གི་རྩེདམོ་དེ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།