༉ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ འགན་འཁྲི་ཅན་གྱི་ འགོ་དཔོན་ཚུ་གིས་ ལུང་ཕྱོགས་ནང་ཡོད་པའི་ རི་དྭགས་དང་འབྲེལ་བའི་ གདོང་ལེན་ཡོད་མི་ལུ་ མཉམ་འབྲེལ་འབད་ནི་ཨིན་པས།
སྤ་རོ་ལུ་སྦེ་ སྤྱི་ཟླ་༥ པའི་ཚེས་༢༧ ལས་འགོ་བཙུགས་མི་ བདུན་ཕྲག་ཅིག་གི་རིང་ ལུང་ཕྱོགས་ཀྱི་ སྦྱོང་བརྡར་པའི་སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་བྱིན་མིའི་དམིགས་ཡུལ་དེ་ ལྷོ་ཨེ་ཤི་ཡ་རི་དྭགས་སེམས་ཅན་གྱི་ གདོང་ལེན་འབད་མི་ འགོ་དཔོན་གྱི་ ལྕོགས་གྲུབ་སྒྲིང་སྒྲི་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ ལས་རིམ་དེ་ ལྷོ་ཨེ་ཤི་ཡ་ ཁྲིམས་མཐུན་ཡོངས་འབྲེལ་གྱི་ འགོ་ཁྲིད་འབད་དེ་ཡོདཔ་ད་ དེ་ཁར་འབྲེལ་ཡོད་ འགོ་དཔོན་༣༠ ཡོད་མི་ཚུ་ཡང་ བང་ལ་དེཤ་དང་ འབྲུག་ རྒྱ་གར་ ནེ་པཱལ་ དེ་ལས་ ཤྲི་ལངྐ་ཚུ་ནང་ལས་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ ཁྲིམས་དོན་ཡིག་ཆ་དང་ ཁྲིམས་ལུགས་བདག་འཛིན་འཐབ་མི་ འགོ་དཔོན་ཚུ་གི་ ལྕོགས་གྲུབ་ཡར་དྲག་གཏང་ནི་ ཨིན་མི་དེ་ཡང་ རི་དྭགས་དང་འབྲེལ་བའི་ ཁྲིམས་འགལ་གྱི་ གནད་དོན་ནང་ ཡིག་ཆ་ཚུ་ ཁྲིམས་ཀྱི་ལམ་ལུགས་ལྟར་དུ་ སྒྲིང་སྒྲི་བཟོ་ནི་ཨིན་པས།
རི་དྭགས་སེམས་ཅན་ཚུ་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་འཐབ་མི་ དེ་ཡང་ ཁྲིམས་མཐུན་མིན་པའི་ ཚོང་འབྲེལ་ཁང་ཚུ་གིས་ ལོ་བསྟར་བཞིན་དུ་ ལྷོ་ཨེ་ཤི་ཡ་ལུ་ ཤ་བདའ་མི་དང་ བར་ཚོང་སྐྱེལ་འདྲེན་འབད་དེ་ གནས་གོང་ཡུ་ཨེས་ཌི་ ཐེར་འབུམ་༨ དང་༡༠ གྱི་བར་ན་ བཟོ་དོ་ཡོདཔ་སྦེ་ཨིན་པས།
ལྷོ་ཨེ་ཤི་ཡ་དེ་ གངས་རི་དང་ ནགས་ཚལ་རྒྱ་ཆེ་སུ་སྦེ་ ཡོད་ནི་དེ་གིས་ རི་དྭགས་ཀྱི་ སྡོད་གནས་ཚུ་ ཉེན་ཁ་ཡོདཔ་ད་ རི་དྭགས་སེམས་ཅན་རྩ་ མེད་འགྱོ་སྲིད་ནི་ཨིན་པའི་ཁར་ གཅན་གཟན་སྟག་ ནོརབུ་བསི་ལི་ ལ་སོགས་པའི་ སེམས་ཅན་དག་པ་ཅིག་ཡོདཔ་བཞིན་དུ་ སེམས་ཅན་དེ་ཚུ་ མང་ཤོས་ར་ ཉམས་ཉེན་ཆེ་བའི་ སེམས་ཅན་གྱི་གྲངས་སུ་ ཡོདཔ་མ་ཚད་ ལ་ལོ་ཅིག་ རྩ་མེད་འགྱོ་ནིའི་ཉེན་ཁ་ཡོད་མི་ཚུ་ ཡོདཔ་སྦེ་ཨིན་པས།
གཞན་ཡང་ ཁྲིམས་འགལ་ཐོག་ལས་དང་ ཡུན་བརྟན་མིན་པའི་ ཚོང་འབྲེལ་ལུ་བརྟེན་ འདི་བཟུམ་གྱི་ སེམས་ཅན་གྱི་རིགས་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་ བྱུང་བཞིན་དུ་ཡོདཔ་སྦེ་ཨིན་པས།
ལུང་ཕྱོག་ཀྱི་སྦྲེལ་མཐུད་ཅན་དེ་ ཨེ་ཤི་ཡ་དང་ ཤར་ལྷོ་ཨེ་ཤི་ཡ་ཚུ་ འབད་ནི་དེ་གིས་ རི་དྭགས་སེམས་ཅན་བསད་ནི་དེ་ ཁྲིམས་འགལ་གྱི་ གནད་དོན་ཅིག་སྦེ་ བཟོ་ཡོདཔ་ཨིན་པས།
ལུང་ཕྱོགས་ནང་ རི་དྭགས་སེམས་ཅན་དང་འབྲེལ་བའི་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ་ལས་ ལྷོ་ཨེ་ཤི་ཡའི་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་ ལག་ལེན་ཚུལ་མཐུན་ འབད་མ་ཚུགས་པའི་ གདོང་ལེན་འབྱུང་དོ་ཡོདཔ་ད་ གཞན་ཡང་ འབྲེལ་གནད་ཅན་གྱི་ལས་ཚབ་ཚུ་ལས་ ངོས་ལེན་དང་ ལྷན་གྲོགས་ཚུ་ དེ་ཅིག་ར་ མེད་མི་དེ་ཨིན་པས།
དེ་འབད་ནི་དེ་གིས་ ལས་རིམ་དེ་ གཙོ་བོ་ར་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ རི་དྭགས་སེམས་ཅན་གྱི་ ཚོང་འབྲེལ་འཐབ་མི་ཚུ་ རི་དྭགས་སེམས་ཅན་ ཁྲིམས་འགལ་ལག་ལེན་སྔོན་འགོག་གི་ ཆ་ཤས་ཅིག་འབད་ཡོདཔ་ད་ ད་ལྟོའི་ཐབས་ཤེས་དེ་གིས་ ཁྲིམས་དོན་ལག་ལེན་འཐབ་མི་ཚུ་ལུ་ རི་དྭགས་སེམས་ཅན་གྱི་ ཚོང་འབྲེལ་བཀག་ཐབས་ནང་ འཕྲལ་མཁོའི་ཕན་ཐོགས་ འབྱུང་ཐབས་ལུ་ཨིན་པས།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱི་ གནས་ཚུལ་གསར་བཏོན་ནང་ བཅའ་མར་གཏོགས་མི་ཚུ་གིས་ རི་དྭགས་སེམས་ཅན་དང་འབྲེལ་བའི་ རྩོད་གཞི་ཚུ་ཐོནམ་ད་ དབྱེ་ཞིབ་འབད་ནི་ལུ་ རིག་རྩལ་ཐོབ་ཚུགས་པའི་ཁར་ ཁྲིམས་ཀྱི་ཡིག་ཆ་བཟོ་ནི་ ཁྲིམས་དོན་གྱི་ལམ་ལུགས་ནང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལག་ལེན་ནང་ཡར་དྲག་ དབྱེ་ཞིབ་མཐིལ་ཕྱིན་ རི་དྭགས་དང་འབྲེལ་བའི་ ཁྲིམས་འགལ་འབད་མི་ལུ་ཉེས་འཛུགས་ དེ་ལས གཞན་དང་གཞན་ཡང་ འདི་བཟུམ་གྱི་ ཁྲིམས་འགལ་འབད་མི་ཚུ་ སྔོན་འགོག་འབད་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།
ནུས་ཤུགས་དང་ རང་བཞིན་སླར་འབྱུང་ལྷན་ཁག་འོག་གི་ ནགས་ཚལ་དང་ གླིང་ག་ཞབས་ཏོག་མདོ་ཆེན་ བློ་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ རི་དྭགས་སེམས་ཅན་ ཚོང་འབྲེལ་འཐབ་མི་གིས་ འཛམ་གླིང་ནང་ལུ་ར་ མཐའ་འཁོར་དང་ མི་སྡེ་དཔལ་འབྱོར་གནས་སྟངས་ལུ་ འཇིགས་ཉེན་ཅན་ཅིག་སྦེ་ཡོད་ཟེར་ཨིནམ་ད་ ཉམས་ཉེན་ཅན་གྱི་སྲོག་ཆག་དང་ སེམས་ཅན་ཚུ་ མི་ཚུ་གི་ཁ་ཐུག་ལས་ ངོས་ལེན་དུམ་གྲ་རེ་ ཐོབ་དོ་ཡོདཔ་མ་ཚད་ དམིགས་བསལ་གྱི་ ཉེན་ཁ་ཆེ་སུ་སྦེ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རི་དྭགས་སེམས་ཅན་གྱི་ ཚོང་སྒྱུར་འཐབ་ནི་ཚུ་ ཁྲིམས་དོན་གྱི་ཁ་ཐུག་ལས་ འཐུས་ཤོར་མེད་པར་ ལམ་ལུགས་ལྟར་དུ་ དགོས་མཁོའི་ལྕོགས་གྲུབ་དང་ ཡུན་བརྟན་སྒྲིང་སྒྲི་ འབད་དགོཔ་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༤ གི་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་ སྨྱོ་རྫས་དང་ ཁྲིམས་དོན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ཁྲིམས་འགལ་ཐོག་ལས་ རི་དྭགས་ཀྱི་ ཚོང་འབྲེལ་འཐབ་མི་གིས་ རྒྱལ་ཁབ་༡༦༢ ནང་ སེམས་ཅན་ཁག་མ་འདྲཝ་༤,༠༠༠ དེ་ཅིག་ལུ་ ཐོ་ཕོག་སྟེ་ཡོདཔ་སྦེ་ཨིནམ་ད་ འདི་དང་གཅིག་ཁར་༣,༢༥༠ ཡང་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་ཀྱི་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་མདོ་ཆེན་ དི་པཱན་ཀར་གོཤ་གིས་ བཤད་མིའི་ནང་ ལྷོ་ཨེ་ཤི་ཡ་དེ་ འཕྲོ་མཐུད་དེ་ར་ ཉེན་ཁ་ཅན་དང་ སྐྱེལ་འདྲེན་བརྗེ་སོར་ལུང་ཕྱོགས་ཅིག་སྦེ་ར་ ལུས་ནི་བཟུམ་ འདུག་ཟེར་ཨིན་པས།
ད་རེས་ཀྱི་ སྦྱོང་བརྡར་དེ་གིས་ སྦྱོང་བརྡར་པ་ཚུ་ལུ་ ཁྲིམས་དོན་ཡིག་ཆ་དང་ ལག་ལེན་བསྟར་སྤྱོད་ཡར་དྲག་ གཏང་ནི་གིས་མ་ཚད་པར་ ལུང་ཕྱོགས་ཚུ་ མཉམ་འབྲེལ་དང་ གཅིག་སྒྲིལ་ཐོག་ལས་ རྒྱལ་ཁབ་ཚུ་ནང་ འབྲེལ་བ་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གི་ ཁ་ཐུག་ལས་འབད་རུང་ ལྷོ་ཨེ་ཤི་ཡ་ རི་དྭགས་སྲུང་སྐྱོབ་དང་ མ་འོངས་པའི་དོན་ལུ་ ཡུན་བརྟན་གོང་འཕེལ་ཚུ་ འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement