༉ འདས་པའི་ལོ་ངོ་༡༠ དེ་ཅིག་ ཀུན་བཟང་ཆོས་སྒྲོན་ཤིང་དྲ་ཁང་གི་ཇོ་བདག་ ཨྱོན་ཚེ་རིང་གིས་ ཤིང་ཆས་ཚུ་ཚོང་འབྲེལ་འཐབ་སྟེ་ འཚོ་བ་སྐྱོང་སྡོད་ཡོད་རུང་ ད་རེས་ ཚོང་འབྲེལ་ལེགས་ཤོམ་འགྱོ་མི་བཏུབ་དོ་ཡོདཔ་ཨིན་པས།

དེ་ཡང་ གྲོང་གསེབ་ནང་ལས་ཕར་ ཤིང་དྲ་ཁང་གི་འཕྲུལ་ཆས་ པ་ཝར་ཅན་ ལག་ལེན་འཐབ་མི་ལེ་ཤ་ཡོད་མི་དང་ མང་ཤོས་ཀྱིས་ རང་རྐྱང་གི་ ཤིང་དྲ་ནི་གདམ་ཁ་རྐྱབ་ནི་དེ་གིས་ཨིན་པས།

དེ་མ་ཚད་ གཞུང་གི་ཤིང་ཚོང་འབྲེལ་འཐབ་ནི་དོན་ལུ་ གོང་ཚད་ཀྱི་སྲིད་བྱུས་བཟོ་མི་གིས་ཡང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ རྫོང་ཁག་གཉིས་ནང་ གཞི་བཙུགས་འབད་མི་ ཤིང་དྲ་ཁང་ཚུ་ སྒོ་བསྡམས་ཡོདཔ་ད་ ལ་ལོ་ཅིག་ སྒོ་བསྡམ་ནི་གུ་ལྷོད་དེ་ཡོདཔ་ཨིན་པས།

ཤིང་དྲ་ཁང་ གཞི་བཙུགས་འབད་མི་ཚུ་གིས་ གཞུང་གི་བཟོ་མི་གོང་ཚད་ཀྱི་སྲིད་བྱུས་དང་ གྲོང་གསེབ་ནང་ལས་ཕར་ པ་ཝར་ཅན་ལག་ལེན་འཐབ་མི་མང་སུ་ཐོན་ནི་དེ་གིས་ ཁོང་རའི་ཚོང་འབྲེལ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།

ཀུན་བཟང་ཆོས་སྒྲོན་ཤིང་དྲ་ཁང་གི་ཇོ་བདག་ ཨྱོན་ཚེ་རིང་གིས་སླབ་མིའི་ནང་ ཤིང་གི་གོང་ཚད་སྲིད་བྱུས་བཟོ་མི་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་དང་ དོ་འགྲན་འབད་དགོ་ནི་དེ་གིས་ ཚོང་འབྲེལ་ལེགས་ཤོམ་འགྱོ་མི་བཏུབ་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གྲོང་གསེབ་ནང་ལས་ཕར་ པ་ཝར་ཅན་ལག་ལེན་འཐབ་མི་ ཡར་སེང་འགྱོ་བའི་ཤུལ་ལུ་ ཚོང་འབྲེལ་ལུ་ཐོག་ཕོག་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཤིང་སེཕ་ཊི་རེ་ལུ་དངུལ་ཀྲམ་༦༠ དང་༡༠༠ གི་བར་ཐོབ་ཟེར་ཨིན་པས།

རང་བཞིན་སླར་འབྱུང་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱིས་ གོང་ཚད་མར་ཕབ་ཐོག་ལས་ ཤིང་ཆས་བཙོང་པ་ཅིན་ ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་འབད་རུང་ གོང་ཚད་མར་ཕབ་དང་ གཞུང་གི་གོང་ཚད་གུ་ཚོང་འབྲེལ་འཐབ་ཚུགས་ནི་མས་ཟེར་ ཨྱོན་ཚེ་རིང་གིས་བཤདཔ་ཨིན་པས།

ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་ འབྲེལ་བའི་འགོ་དཔོན་ཚུ་ལུ་ གནད་དོན་དེ་གི་སྐོར་ལས་ ཞུ་བ་འབད་ཡོད་རུང་ ལན་གསལ་ཅིག་ག་ནི་ཡང་མ་ཐོབ་ཟེར་ཨིན་པས།

བཀྲིས་སྒང་པཱམ་ལུ་གཞི་བཙུགས་འབད་མི་ སྐར་གསལ་ཤིང་དྲ་ཁང་གི་ཇོ་བདག་ དོན་གྲུབ་འབྲུག་པ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༣ ལས་ཚུར་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ལས་སྣ་ལེ་ཤ་ཡོད་པའི་སྐབས་ ཚོང་འབྲེལ་གྱི་གོ་སྐབས་ལེགས་ཤོམ་སྡོད་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཤིང་མཁོ་འདོད་ མངམ་ཡོད་རུང་ བུམ་ཐང་ལས་ལེན་དགོཔ་ལས་ སྐྱེལ་འདྲེན་གྱི་གླ་ཆ་ལུ་བརྟེན་ གུད་ཕོག་མས་ཟེར་ཨིནམ་ད་ ཀྲག་རེ་ལུ་དངུལ་ཀྲམ་༤༨,༠༠༠ དང་༦༥,༠༠༠ སྤྲོད་དགོཔ་ཐོན་མས་ཟེར་ཨིན་པས།

གཞུང་གི་བཟོ་མི་གོང་ཚད་གུ་ ཤིང་ཆས་ཚོང་འབྲེལ་འཐབ་པ་ཅིན་ གུད་འདུག་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ དེ་སྦེ་ཚོང་འབྲེལ་འཐབ་དགོ་པ་ཅིན་ ཤིང་དང་འབྲེལ་བའི་ཚོང་འབྲེལ་འཐབ་མི་ཚུགས་ནི་མས་ཟེར་ དོན་གྲུབ་འབྲུག་པ་གིས་བཤདཔ་ཨིན་པས།

ཤིང་དྲ་ཁང་གི་ཇོ་བདག་ ལ་ལོ་ཅིག་གིས་ འབད་བ་ཅིན་ ཤིང་ཆས་ཚོང་འབྲེལ་འཐབ་མི་ལ་ལོ་ཅིག་གིས་ གོང་ཚད་མར་ཕབ་ཐོག་ལས་བཙོང་མི་དང་ ལ་ལོ་ཅིག་གིས་ ཆོག་ཐམ་མེད་པར་ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ འབྲེལ་བའི་འགོ་དཔོན་ཚུ་གིས་ ལྟ་རྟོགས་འབད་དགོཔ་འདུག་ཟེར་ཨིན་པས།

ཤིང་དྲ་ཁང་གི་ཇོ་བདག་ པདྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ གཞུང་གི་གོང་ཚད་གུ་ཚོང་འབྲེལ་འཐབ་དགོ་པའི་སྐོར་ལས་ སླབ་དོ་ཡོདཔ་ལས་ ས་གནས་ནང་ གཞུང་གི་གོང་ཚད་ལུ་བཙོང་ཚུགས་པར་ ལ་ཁག་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ས་གནས་དང་བསྟུན་པའི་ ཤིང་ཆས་ལུ་གོང་ཚད་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།

རང་བཞིན་ཐོན་བསྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་ འགོ་དཔོན་ཚུ་གིས་འབད་རུང་ ཤར་ཕྱོགས་ལུང་ཕྱོགས་ནང་ བཟོ་སྐྲུན་དང་གོང་འཕེལ་གྱི་ལས་སྣ་ དེ་ཅིག་ར་མེདཔ་ལས་ ཤིང་ཆས་ཚོང་འབྲེལ་འགྱོ་མི་བཏུབ་པས་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ ཤིང་དྲ་ཁང་མར་ཕབ་འགྱོ་མས་ཟེར་ཨིན་པས།

ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཤིང་གིས་ལྗིད་ཚད་དང་ ལེགས་ཤོམ་ཡོད་མེད་ ལྟ་རྟོགས་དེ་ རང་བཞིན་ཐོན་བསྐྱེད་གོང་འཕེལ་ལས་འཛིན་ཚད་དང་ ནགས་ཚལ་ལས་ཁུངས་ མཉམ་འབྲེལ་ཐོག་ལས་ འབད་དོ་ཟེར་ཨིན་པས།

ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་འབད་བ་ཅིན་ ནགས་ཚལ་འགོ་དཔོན་ཚུ་གིས་ ཤིང་ཆས་ཕར་དང་ཚུར་ སྐྱེལ་འདྲེན་འབད་བའི་སྐབས་ ཆོག་ཐམ་ཡོད་མེད་ ལྟ་རྟོགས་ལེགས་ཤོམ་འབད་དགཔ་འདུག་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ ཆོག་འཐམ་མེད་པར་ ཁྲིམས་འགལ་ཐོག་ལས་ ཤིང་ཆས་བཙོང་དོ་ཡོདཔ་ལས་ ལྟ་རྟོགས་འབད་དགོཔ་འདུག་ཟེར་ཨིན་པས།

གནད་དོན་དེ་ལུ་བརྟེན་ ཤིང་དྲ་ཁང་གི་ཚོང་འབྲེལ་ ཧེང་སྐལ་ར་ མར་ཕབ་འགྱོ་ནིའི་ཉེན་ཁག་འདུག་ཟེར་ ཤིང་དྲ་ཁང་གི་ཇོ་བདག་ཅིག་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

Advertisement