༉ བཀྲིས་སྒང་རྫོང་ཁག་ཚུ་གི་ བྱ་གསོ་ཁང་༥ པོ་ཆ་རའི་ སྒོང་རྡོག་གི་ཚོང་འབྲེལ་ ལེགས་ཤོམ་འགྱོ་བཟུམ་སྦེ་མཐོང་རུང་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ལུ་བརྟེན་ ཁོང་གི་ ཚོང་འབྲེལ་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ བྱ་གསོ་སྐྱོང་ཁང་བཙུགས་མི་ མང་ཤོས་ར་ བཤོལ་བཞག་དགོཔ་ཐོན་ཡོདཔ་ད་ ད་རེས་ ཆུང་རིམ་གནས་ཚད་ནང་ ཚོང་འབྲེལ་གཞི་བཙུགས་འབད་མི་ བྱ་གསོ་ཁང་དག་པ་ཅིག་ལས་བརྒལ་ མེདཔ་ཨིན་པས།
བཀྲིས་སྒང་ ལུང་བསྟན་ཟམ་པ་ལུ་ཡོད་པའི་ བསམ་བཟང་གོང་འཕེལ་བྱ་གསོ་སྐྱོང་ཁང་གི་ཇོ་བདག་ བསྟན་འཛིན་དབང་གྲགས་ཀྱིས་ བྱ་༣,༠༠༠ དེ་ཅིག་ གསོ་སྐྱོང་འཐབ་དོ་ཡོདཔ་བཞིན་དུ་ སྒོང་རྡོག་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
བསྟན་འཛིན་དབང་གྲགས་ཀྱིས་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འབད་མི་ ཡར་སེང་སོང་སྟེ་འདུག་ཨིནམ་ད་ དེ་གིས་ ནང་འཁོད་ཀྱི་ བྱ་གསོ་སྐྱོང་འཐབ་མི་ཚུ་ལུ་ ཐོ་ཕོག་ཐོག་སྟེ་ཡོད་ཟེར་ཨིན་པས།
གཞུང་དང་འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་ དར་ཁྱབ་འགྱོ་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ རྒྱལ་སྤྱི་ས་མཚམས་སྒོ་ར་ལས་ ལྟ་རྟོག་དམ་དམ་འབད་དགོཔ་འདུག་ཟེར་ཨིནམ་ད་ མང་ཤོས་ར་ ཚོང་ཆས་འབག་མི་སྣུམ་འཁོར་དང་ བར་ཚོང་འཐབ་མི་ཚུ་ལུ་ དོགས་པ་ཡོད་ཟེར་ཨིན་པས།
ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ལུ་བརྟེན་ ཐོ་ཕོག་མི་དེ་ བྱ་གསོ་སྐྱོང་འཐབ་མི་ བསྟན་འཛིན་དབང་གྲགས་རྐྱངམ་གཅིག་མེན་པར་ བྱ་གསོ་སྐྱོང་འཐབ་མི་ གཞན་ཚུ་གིས་འབད་རུང་ ཉོགས་བཤད་དེ་སྦེ་ར་ བཀོད་དོ་ཡོདཔ་ད་ དེ་ལུ་བརྟེན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འབད་མི་ཚུ་གིས་ གོང་ཚད་ཉུང་སུ་སྤྲོད་དེ་ ཚོང་ཁང་ཚུ་ནང་ འབྲུག་པའི་སྒོང་རྡོག་ཨིན་ཟེར་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ དེ་གིས་ ནང་འཁོད་ཀྱི་སྒོང་རྡོག་དང་ གོང་ཚད་ལུ་ གནོད་དོ་ཡོདཔ་ཨིན་པས།
གནད་དོན་གཞན་མི་གཅིགཔོ་དེ་ སྒོང་རྡོག་ཐོན་སྐྱེད་འབད་མི་དང་ བཟའ་སྤྱོད་འབད་མི་གཉིས་ཀྱི་བར་ན་ བར་ཚོང་འཐབ་མི་ལེ་ཤ་ཡོད་མི་ལུ་བརྟེན་ གོང་ཚད་ལུ་ ཁྱད་པར་ཆགས་དོ་ཡོདཔ་མ་ཚད་ བཟའ་སྤྱོད་འབད་མི་ཚུ་གིས་ ཚད་ལས་བརྒལ་བའི་གོང་ཚད་ སྤྲོད་དགོཔ་ཐོནམ་མས་ཟེར་ བྱ་གསོ་སྐྱོང་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
གཡང་གཉེར་རྒེད་འོག་ནང་ བྱ་གསོ་སྐྱོང་འཐབ་མི་ དབང་འདུས་ཀྱིས་འབད་བ་ཅིན་ བར་ཚོང་པ་ཚུ་གིས་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ སྒོང་རྡོག་ཚུ་ལུ་ གོང་ཚད་ཀྱིས་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ བར་ཚོང་པ་ཚུ་གིས་ བརྒྱ་ཆ་ལས་༡༠༠ སྦེ་ར་ ཁེ་སང་བཟོཝ་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྒོང་རྡོག་ཊེ་༡ ལུ་ གོང་ཚད་དངུལ་ཀྲམ་༣༥༠ དང་༣༧༠ འཐོབ་མི་དེ་ ད་རེས་ དངུལ་ཀྲམ་༣༠༠ དང་ དངུལ་ཀྲམ་༣༣༠ ལུ་ བབས་སོ་ཡི་ཟེར་ཨིན་པས།
བྱ་གསོ་སྐྱོང་འཐབ་མི་ ཉི་མ་ཚེ་རིང་གིས་འབད་བ་ཅིན་ བྱའི་ཟནམ་གི་ ཚོང་འབྲེལ་པ་དང་ སྣ་ཚོགས་ཁང་སྦོམ་བཙུགས་མི་ བར་ཚོང་པ་ དེ་ལས་ ཚོང་འབྲེལ་སྦོམ་འཐབ་མི་སྣུམ་འཁོར་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འབདཝ་མས་ཟེར་ཨིནམ་ད་ དེ་བཟུམ་མའི་ ནང་འདྲེན་འབད་ཚུགས་མི་དེ་ཡང་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ ས་མཚམས་སྒོ་ར་ལུ་ ལྟ་རྟོག་སྒྲིང་སྒྲིང་མ་འབད་བའི་ བརྡ་མཚོན་ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནང་འདྲེན་འབད་མི་ སྒོང་རྡོག་ཨིན་ན་དང་ ཡང་ཅིན་ ནང་འཁོད་ཀྱི་སྒོང་རྡོག་ཨིན་ན་ ལྟཝ་ད་ར་ཤེས་ཚུགས་ཟེར་ཨིན་པས།
བྱ་གསོ་སྐྱོང་འཐབ་མི་ཅིག་གིས་འབད་བ་ཅིན་ འབྲུག་བཟའ་ཆས་དང་སྨན་རིག་དབང་འཛིན་དང་ ཅ་དམ་འགོ་དཔོན་ཚུ་གིས་ ཚོང་འབྲེལ་འཐབ་མི་ཚུ་གི་ སྣུམ་འཁོར་ཚུ་ ལྟ་རྟོག་ལེགས་ཤོམ་འབད་བ་ཅིན་ རྒྱ་གར་གྱི་སྒོང་རྡོག་ཚུ་ རྒྱལ་ཁབ་ནང་ལྷོད་དགོཔ་མེད་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ རྒྱ་གར་རྒྱལ་ཁབ་ནང་ སྣུམ་འཁོར་གཅིག་ལས་གཅིག་ལུ་ སོར་ཞིནམ་ལས་ སྒོང་རྡོག་ནང་འདྲེན་འབདཝ་མས་ཟེར་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་ནང་ ཀུན་ཁྱབ་བྱ་གསོ་སྐྱོང་ཁང་བཙུགས་མི་ ཕུན་ཚོགས་ཊི་རྣམ་རྒྱལ་གྱིས་འབད་བ་ཅིན་ སྒོང་རྡོག་ཚུ་ དགེ་ལེགས་ཕུག་དང་ བསམ་རང་ལས་ འབག་འོང་ཡི་ཟེར་སླབ་སྟེ་ ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ བཀྲམ་སྤེལ་འབདཝ་མས་ཟེར་ཨིནམ་ད་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ དམ་དམ་སྦེ་ར་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒོང་རྡོག་བཙོང་མི་དང་ བར་ཚོང་པ་ཚུ་ལས་ ཉོ་མི་ཚུ་གིས་འབད་རུང་ འགན་ཁུར་འབག་དགོཔ་འདུག་ཟེར་ཨིནམ་ད་ སྒོང་རྡོག་ཉོ་བའི་སྐབས་ ག་ཏེ་ལས་ འབག་འོང་ཡི་ག་ ཡིག་ཆ་ཚུ་ སྟོན་དགོཔ་འདུག་ཟེར་ཨིན་པས།
བྱ་གསོ་སྐྱོང་འཐབ་མི་ ལ་ལོ་ཅིག་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ བར་ཚོང་པ་ཚུ་གིས་ སྒོང་རྡོག་ཚུ་ དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ རྒྱ་གར་གྱི་ས་མཚམས་བརྒྱུད་དེ་ འབག་འོང་པའི་སྐབས་ ལྡེ་མིག་རྐྱབ་ཐོག་ལས་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་སྒོ་ར་ཁར་ལྷོདཔ་ད་ ལྡེ་མིག་ཕྱེ་དགོཔ་བཟོ་བ་ཅིན་ ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འཐབ་མི་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།
ར་ལྡི་རྒེད་འོག་ནང་ བྱ་གསོ་སྐྱོང་ཁང་བཙུགས་མི་ རྡོ་རྗེ་གྲགས་པ་གིས་འབད་བ་ཅིན་ ཁྲོམ་ཁར་ ནང་འཁོད་ཀྱི་ སྒོང་རྡོག་ཚོང་འབྲེལ་དེ་ཅིག་ར་ འགྱོ་མ་བཏུབ་མི་དེ་ཡང་ ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ སྒོང་རྡོག་ཤོག་སྒམ་༡༢༠ དང་༡༣༠ འི་བར་ན་ འབག་འོང་སྟེ་ རྒྱ་གར་ལས་ སྒོང་རྡོག་སྒམ་སླ་བསྲེས་ཏེ་འབག་འོངམ་མས་ཟེར་ ཁོ་གིས་བཤད་པའི་ཁར་ སྒོང་རྡོག་ཚུ་གུ་ ཐིའུ་རྐྱབ་ཐོག་ལས་ བཀྲམ་སྤེལ་འབད་དགོཔ་བཟོ་བ་ཅིན་ ཁེ་ཕན་འོང་ནི་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ གནད་དོན་དེ་ དེ་སྦེ་ར་ལུས་སོ་པ་ཅིན་ བྱ་གསོ་སྐྱོང་ཁང་ཚུ་ སྒོ་བསྡམ་དགོཔ་འཐོན་ནི་མས་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་བཙུགས་མི་དང་འཁྲིལ་བ་ཅིན་ བར་ཚོང་པ་དང་ ཟནམ་ཚོང་འབྲེལ་འཐབ་མི་ བཀྲིས་ཚོང་འབྲེལ་སྣུམ་འཁོར་ དེ་ལས་ ཚོང་འབྲེལ་སྦོམ་འཐབ་མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འབད་དོ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ རྒྱ་གར་ལུ་ བྱ་ནད་ཐོནས་ཐོན་སར་ཡོདཔ་ལས་ ག་དེམ་ཅིག་སྦེ་ ནང་འདྲེན་བཀག་དམ་མ་འབད་བ་ཅིན་ རྒྱལ་ཁབ་ནང་འབད་རུང་ བྱ་ནད་དར་ཁྱབ་འགྱོ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
འབྲུག་བཟའ་ཆས་དང་སྨན་རིག་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ག་དེ་དྲག་དྲག་ ལྟ་རྟོག་དམ་དམ་འབད་དོ་ཟེར་ཨིནམ་ད་ ནང་འདྲེན་འབད་མི་ སྒོང་རྡོག་ཚུ་ འཛིན་བཟུང་འབད་དེ་ ཉེས་ཁྲིམས་བཀལ་དོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྒོ་ནོར་འགོ་དཔོན་ཚུ་གིས་ འབྲུག་བཟའ་ཆས་དང་སྨན་རིག་དབང་འཛིན་གྱི་ འགོ་དཔོན་ཚུ་དང་ མཉམ་འབྲེལ་འབད་བ་ཅིན་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་མི་ སྒོང་རྡོག་མར་བབས་འགྱོ་ནིའི་ གོ་སྐབས་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ སྒོང་རྡོག་ཚོང་འབྲེལ་འཐབ་མི་ཚུ་གིས་ ཐོན་སྐྱེད་འབད་མི་ སྒོང་རྡོག་ཚུ་ལས་མངམ་སྦེ་ ཚོང་འབྲེལ་འབད་མི་དེ་ ཁྲིམས་འགལ་ཐོག་ལས་ ནང་འདྲེན་འབད་སྲིད་པས་ཟེར་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ ནང་འཁོད་ཐོན་སྐྱེད་འབད་མི་ སྒོང་རྡོག་བཙོང་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ད་ མང་ཤོས་ར་ ཟད་འགྲོ་བཏང་མི་ཚུ་ ལོག་འཐོབ་མ་ཚུགས་པར་ཡོདཔ་ཨིན་པས།
ཁྲིམས་འགལ་ཐོག་ལས་ སྒོང་རྡོག་ནང་འདྲེན་འབད་མི་དང་ ཟནམ་གྱི་ གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ བྱ་གསོ་སྐྱོང་ཁང་མང་ཤོས་ར་ སྒོ་བསྡམ་དགོཔ་ཐོན་དོ་ཡོད་པའི་གནས་ཚུལ། གནས་བརྟན་རྡོ་རྗེ། བཀྲིས་སྒང་།

Advertisement