༉ སོ་ནམ་དང་སྒོ་ནོར་ལྷན་ཁག་དང་འཁྲིལ་བ་ཅིན་ ཤིང་འབྲས་ཀྱི་ལྕངམ་ འཛུགས་སྐྱོང་ལས་འགུལ་གྱི་ གོ་རིམ་༣ པ་ མཇུག་བསྡུ་ཡོདཔ་བཞིན་དུ་ ལས་འགུལ་གྱི་ གོ་རིམ་དང་པ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ བཟོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ གོ་རིམ་༤ པ་དེ་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ནི་ཨིནམ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༨༢ བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ཟླ་༢ པ་དང་༣ པའི་བར་ན་ ཚ་དྲོད་ལྡན་པའི་ཤིང་འབྲས་དང་ སྤྱི་ཟླ་༦ པ་ལས་༨ པའི་ནང་ ཚ་དྲོད་དང་ཆ་ཤས་ཀྱི་ ཤིང་འབྲས་ཀྱི་ལྕངམ་ འཛུགས་སྐྱོང་འབད་ནི་ཨིན་པས།
ལས་འགུལ་དེ་ འཕྲོ་མཐུད་དེ་ར་ བདེ་སྲུང་ཡིག་ཚང་དང་ མཉམ་འབྲེལ་འབད་ནི་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ ཤིང་མ་ཤི་བར་ཡོད་པའི་གནས་ཚད་དེ་ ལྟ་རྟོག་འབད་ནི་ལུ་ གཙོ་རིམ་བཟུང་ཐོག་ལས་ སོ་ནམ་པ་ཚུ་ལུ་ ཁ་སྐོང་རྒྱབ་སྐྱོར་འབད་དེ་ ཡུན་བརྟན་ཡར་དྲག་དང་ ཁེ་ཕན་རྒྱ་སྐྱེད་ ངེས་བརྟན་བཟོ་ནི་ཨིན་པས།
མ་དངུལ་དེ་ ལས་རིམ་གྱི་དོན་ལུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་དང་ ལྷན་ཁག་གིས་ ཐོན་སྐྱེད་འཛིན་སྐྱོང་དང་ གནས་གོང་སོར་སྒྱུར་གོང་འཕེལ་ ཐོན་རྣམས་ དེ་ལས་ གནས་གོང་ཡར་སེང་འབད་ནི་ལུ་ ཚོང་ལམ་ཐབས་བྱུས་ཚུ་གི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ གོ་རིམ་༣ པ་གིས་ ཤིང་འབྲས་ཀྱི་ལྕངམ་ས་ཡ་༡.༢ བཙུགས་ནི་གི་དམིགས་གཏད་ མཐར་འཁྱོལ་ཅན་ཅིག་སྦེ་ གྲུབ་ཚུགས་ཡོདཔ་ད་ གཙོ་རིམ་ཅན་གྱི་ ཤིང་འབྲས་ལྕངམ་ཚུ་ཡང་ ཚལ་ལུ་དང་ གུ་ལི་ ཨིར་ཝིན་ ཨམ་ཅུ་གུ་ལི་ ཧུམ་ཅུང་ ཨ་གར་ཤིང་ སྟར་གོ་ ཀི་ཝི་ཤིང་འབྲས་ ཨེ་པཱལ་ལ་སོགས་པ་ཚུ་ཨིན་པས།
ཤིང་འབྲས་དེ་ཚུ་ གནས་གོང་ཅན་ཡོདཔ་བཞིན་དུ་ ཚོང་ལམ་ཡང་ ལེགས་ཤོམ་ཡོད་པའི་ཁར་ ཟས་བཅུད་ལྡན་དང་ འཇམ་ཏོང་ཏོ་སྦེ་ བསྡུ་གསོག་འབད་ཚུགས་ནི་ཨིན་པས།
ལས་འགུལ་གྱི་ གོ་རིམ་༢ པའི་ནང་ ཤིང་མ་ཤི་བར་ཡོད་མི་ ཚད་གཞི་དེ་ བརྒྱ་ཆ་༦༧.༥ ཡོདཔ་ད་ སྤྱི་ལོ་༢༠༢༤ ཟླ་༡༡ པའི་ནང་ གོ་རིམ་༢ པའི་ སྔོན་འགྲོའི་བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་བའི་སྐབས་ ཤིང་འབྲས་ཀྱི་ལྕངམ་ མ་ཤི་བར་ཡོད་མི་ཚད་གཞི་དེ་ བརྒྱ་ཆ་༦༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
ལྷན་ཁག་དང་འཁྲིལ་བ་ཅིན་ གོ་རིམ་༢ པའི་ནང་ ཤིང་མ་ཤི་བར་ཡོད་མི་ ཚད་གཞི་མར་བབས་སོང་མི་དེ་ རིགས་སྣ་ཉུང་སུ་ཅིག་ལས་བརྒལ་ གདམ་ཁ་མ་རྐྱབ་མི་ལུ་བརྟེན་ཨིནམ་ད་ གོ་རིམ་དང་པའི་ནང་ གདོང་ལེན་འབད་ཚུགས་པའི་ ཤིང་འབྲས་རིགས་སྣ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
གོ་རིམ་༢ པའི་ནང་ རིགས་སྣ་ཚུ་ མར་ཕབ་འབད་ཡོདཔ་ད་ སྐྱེ་ནི་ལུ་ ལཱ་ཁག་བཏང་ནུག་ཟེར་ ལྷན་ཁག་གིས་ བཀོད་ཡོདཔ་ཨིན་པས།
གོ་རིམ་དང་པའི་ལྕངམ་ཚུ་གིས་ རྡོག་མ་བཏགས་ཡོད་མེད་ཀྱི་ སྔོན་འགྲོའི་བརྟག་ཞིབ་ཅིག་འབད་བའི་སྐབས་ རྫོང་ཁག་༡༦ ནང་ ཁེ་ཕན་བརྟག་ཞིབ་༢༡,༦༨༡ འབད་མི་ལས་ བརྒྱ་ཆ་༡༠ རྐྱངམ་ཅིག་གིས་ རྡོག་མ་བཏགས་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
དེ་གི་གྲས་ལས་ ཁེ་ཕན་བྱུང་མི་༢༣ གིས་ རང་སོའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་དངུལ་ཀྲམ་ས་ཡ་༡ བཟོ་ཡོདཔ་ཨིན་པས།
མཐུད་སྦྱོར་འབད་མའི་ ཤིང་འབྲས་ཀྱི་ཤིང་ཚུ་ འཛུགས་སྐྱོང་འབད་དེ་ ལོ་༣ ལས་ རྡོག་མ་བཏགས་ནི་ འགོ་བཙུགས་དོ་ཡོདཔ་ད་ ཆུ་དང་ ཞལ་ལག་རྩེ་བཏོག་ནི་ མལ་ལུས་བླུག་སྟེ་ འཛིན་སྐྱོང་ལེགས་ཤོམ་འབད་བ་ཅིན་ ཤིང་ཚུ་མ་ཤི་བར་ རྡོག་མ་ཚུ་ཡང་ ལེགས་ཤོམ་སྦེ་ བཏགས་དོ་ཡོདཔ་ཨིན་པས།
ལྷན་ཁག་གིས་ བཀོད་མིའི་ནང་ སོ་ནམ་པ་ཚུ་ལུ་ སྦྱོང་བརྡར་དང་ ལམ་སྟོན་ཚུ་ ལེགས་ཤོམ་འབད་བ་ཅིན་ གནད་དོན་དེ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།
སོ་ནམ་ལས་ཁུངས་ཀྱིས་ བདེ་སྲུངཔ་ཚུ་ལུ་ ཤིང་བཙུགས་ནི་གི་ སྦྱོང་བརྡར་ཚུ་འབད་ཡོདཔ་ཨིན་པས།
ལྷན་ཁག་གིས་ ཤིང་གི་ལྕངམ་ ནང་འདྲེན་འཐབ་མི་ལུ་ ཚ་གྱང་གི་ དོགས་སེལ་འབད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ནང་འདྲེན་འཐབ་པའི་ ཤིང་གི་ལྕངམ་ལུ་ རེ་སྡོད་ཡོད་རུང་ ད་རེས་ ནང་འདྲེན་འཐབ་མི་དེ་ མར་བབས་སོང་སྟེ་ ཡོདཔ་ཨིན་པས།
ལས་འགུལ་གྱི་ གོ་རིམ་༢ པའི་དོན་ལུ་ ནང་འཁོད་ལས་ ཤིང་གི་ལྕངམ་ས་ཡ་༡.༢༤ འཚོལ་ཞིབ་འབད་དེ་ཡོད་མི་ལས་ བརྒྱ་ཆ་༨༥ རྒྱལ་ཁབ་ནང་ སྒེར་སྡེའི་ཤིང་ལྕངམ་ གསོ་སྐྱོང་ཁང༌༤༠ ཐོ་བཀོད་འབད་ཚུ་ལས་ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།