༉ ཨཱསི་ཊེ་ལི་ཡ་ལུ་ སྐྱོད་ཐམ་གྱི་ ལམ་ལུགས་བསྒྱུར་བཅོས་འབད་མི་དང་བསྟུན་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གི་བར་ན་ ཡུ་རོབ་དེ་ གདམ་ཁ་ཅན་གྱི་ ས་གོ་ཅིག་སྦེ་ གོང་འཕེལ་གཏང་ནི་ལུ་ དོ་འགྲན་འབད་དོ་ཡོདཔ་བཞིན་དུ་ འབྲུག་མི་ཚུ་ ཕྱི་རྒྱལ་ལུ་ ལཱ་འབད་ནི་དང་འབྲེལ་ ཤེས་ཡོན་སྦྱང་པར་འགྱོ་ནི་ལུ་ དང་འདོད་བསྐྱེད་མི་ཚུ་ མགུ་འཐོམ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ཤེས་ཡོན་གྲོས་སྟོན་ལས་སྡེ་ ལ་ལོ་ཅིག་གིས་ ད་ལྟོ་ཡང་ ཨཱསི་ཊེ་ལི་ཡ་དེ་ ས་གོ་ལེགས་ཤོམ་ཅིག་སྦེ་ གསལ་བསྒྲགས་འབད་བཞིན་དུ་ཡོདཔ་ད་ ཤེས་ཡོན་གྲོས་སྟོན་ལས་སྡེ་ མང་ཤོས་ཅིག་གིས་ ཡུ་རོབ་དེ་ གསལ་བསྒྲགས་འབད་ཡོད་རུང་ གཉིསཔོ་ཆ་ར་ ཁ་གསལ་ཅིག་ ག་ནི་ཡང་ མེདཔ་ཨིན་པས།
འབྲུག་མི་ཚུ་གི་བར་ན་ མགུ་འཐོམ་བྱུང་མི་དེ་ཡང་ ཤེས་ཡོན་གྲོས་སྟོན་ལས་སྡེ་ མང་ཤོས་ཅིག་གིས་ སྐྱོད་ཐམ་འཐོབ་ནིའི་ ཚད་གཞི་དེ་ དྲག་ཤོས་ཅིག་སྦེ་ སླབ་་དོ་ཡོད་རུང་ བློ་གཏད་ཚུགས་པའི་བརྡ་དོན་ཚུ་ འཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
གནད་དོན་དེའི་ཐད་ལུ་ འབྲུག་གི་ ཤེས་ཡོན་གྲོས་སྟོན་ཚོགས་སྡེའི་ཁྲི་འཛིན་ དཔལ་ལྡན་ཚེ་རིང་གིས་ དོགས་སེལ་འབད་མིའི་ནང་ ཤེས་ཡོན་གྲོས་སྟོན་ལས་སྡེ་ ག་འབད་རུང་ དྲག་ཤོས་ཨིནམ་སྦེ་ སླབ་མི་དེ་ལུ་ དྲི་དཔྱད་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ག་ར་འབད་རུང་ དྲག་ཤོས་ཅིག་ཨིན་པའི་ གནད་ཁུངས་བཀལ་མི་ཚུགས་ནི་ཨིན་མི་དེ་ཡང་ སྐྱོད་ཐམ་ཐོབ་མིའི་ ཚད་གཞི་བལྟ་ནི་ལུ་ ཐབས་ལམ་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གིས་ སྐྱོད་ཐམ་ལེ་ཤ་ཐོབ་པའི་ ཚད་གཞི་ཡོདཔ་སྦེ་ སླབ་དོ་ཡོད་རུང་ བདེན་པ་ག་དེམ་ཅིག་ཡོད་ག་ སླབ་མི་ཤེས་ཟེར་ དཔལ་ལྡན་ཚེ་རིང་གིས་ བཤདཔ་ཨིན་པས།
གལ་སྲིད་ ངོ་རྐྱང་ཚུ་གིས་ ལས་སྡེ་མང་ཤོས་ཅིག་གིས་ ཁོང་ར་ དྲག་ཤོས་ཨིནམ་སྦེ་ སླབ་མིའི་སྐོར་ལས་ མ་ཤེས་པ་ཅིན་ འབྲུག་ལུ་ ཐོ་བཀོད་འབད་མི་དང་ འབྲུག་ཤེས་ཡོན་གྲོས་སྟོན་ལས་སྡེའི་འཐུས་མི་ ཡོད་ག་མེད་ག་ དྲི་དཔྱད་འབད་དགོ་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་སྡེའི་འཐུས་མི་ཅིག་འབདཝ་ལས་ སློབ་ཕྲུག་ག་ར་འབད་རུང་ ཤེས་ཡོན་གྲོས་སྟོན་ལས་སྡེའི་ ཡིག་ཚང་ནང་འགྱོ་ཞིནམ་ལས་ ཤེས་ཡོན་གྱི་ གདམ་ཁའི་སྐོར་ལས་ འོས་འབབ་ཅན་གྱི་ བརྡ་དོན་ཚུ་ ལེན་དགོཔ་ལས་ ལས་སྡེ་དེ་ དྲག་ཤོས་ཨིནམ་སྦེ་སླབ་རུང་ ཁྱད་མེད་ཟེར་ཨིན་པས།
ཁྲི་འཛིན་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༤ གི་ ཟླཝ་༣ གྱི་ནང་འཁོད་ལུ་ ཨཱསི་ཊེ་ལི་ཡའི་ སྐྱོད་ཐམ་ཐོབ་པའི་ ཚད་གཞི་བརྒྱ་ཆ་༧༣ ཡོདཔ་ད་ སྤྱིར་བཏང་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ཨཱསི་ཊེ་ལི་ཡ་གི་ གཙུག་ལག་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་པར་འགྱོ་ནིའི་དོན་ལུ་ ཡི་གུ་བཙུགས་མི་དེ་ མར་བབས་སོང་སྟེ་ཡོད་རུང་ རྒྱབ་ཁར་ལུས་མི་ ཡི་གུ་ཚུ་ བསལ་ཚར་ཡོདཔ་ལས་ གནས་སྡུད་དེ་ ནད་ཡམས་མ་ཐོན་པའི་ གནས་ཚད་ནང་ ལྷོད་དེས་ཟེར་ཨིན་པས།
ད་རེས་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གིས་ ས་གོ་ལེ་ཤ་ཐོག་ལས་ ཁོང་རའི་ཞབས་ཏོག་ཚུ་ དར་ཁྱབ་བཏང་སྟེ་ སློབ་ཕྲུག་ཚུ་ ཐད་ཀར་དུ་ མཐོ་རིམ་སློབ་གྲྭ་ནང་ བཙུགས་དོ་ཡོདཔ་ཨིན་པས།

ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགྱོ་དོ་ཡོདཔ།

ཚོང་མགྲོན་པ་ཚུ་གི་དོན་ལུ་ དོ་འགྲན་འབད་མི་དང་བསྟུན་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགྱོ་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ འཇམ་ཏོང་ཏོ་སྦེ་ ཡིད་ཆེས་བསྐྱེད་ཚུགས་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་ མཐོ་རིམ་སློབ་གྲྭ་ཚུ་ནང་ འགྱོ་མི་དེ་ཡང་ སློབ་ཕྲུག་ཚུ་ལུ་ གནད་དོན་གལ་ཅན་ཚུ་ སླབ་ནི་དང་ ཤེས་ཡོན་སྤེལ་ནི་ ཕྱི་མི་ནང་སྐྱོད་སྲིད་བྱུས་ དེ་ལས་ རྒྱལ་སྤྱི་སློབ་ཕྲུག་ཚུ་དང་འབྲེལ་བའི་ གནོད་ཉེན་ཚུ་གི་སྐོར་ལས་ བལྟ་ནིའི་དོན་ལུ་ཨིན་པས།
དཔལ་ལྡན་ཚེ་རིང་གི་ལས་སྡེ་ གོ་ལོ་བཱལ་རིཆི་གིས་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཚར་༢ སོང་ཡོདཔ་ད་ གཙུག་ལག་ཤེས་ཡོན་གྱི་དོན་ལུ་ སྐུགས་ཚད་ཀྱི་དགོས་མཁོ་ མ་ཤེས་པར་ ཊོ་ཕེལ་ ཨའི་བི་ཊི་ ཡང་ཅིན་ ཨའི་ཨི་ཨེལ་ཊི་སི་ ལེན་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨིང་ལེཤི་གི་ ཆོས་རྒྱུགས་མ་ལེན་པའི་ཧེ་མར་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་ནང་ གྲོས་བསྟུན་འབད་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ ཚོགས་སྡེའི་འཐུས་མི་ཚུ་ མཐོ་རིམ་སློབ་གྲྭ་ཚུ་ནང་ ལྟ་སྐོར་འབད་མི་དེ་ཡང་ གཙོ་བོ་ར་ མི་སྡེ་བརྡ་བརྒྱུད་དང་ ཡང་ཅིན་ ཆ་རོགས་ཚུ་གིས་སླབ་མི་ལུ་ ཉན་སྡོད་ནི་མེན་པར་ སློབ་ཕྲུག་ཚུ་གིས་ དྲི་བ་སྲ་ཀྲག་བཀོད་ནིའི་དོན་ལས་ སེམས་ཤུགས་བྱིན་ཐབས་ལུ་ ཨིན་ཟེར་ཨིན་པས།
དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཐག་མ་བཅད་པའི་ཧེ་མར་ འབྲུག་ལུ་ ཐོ་བཀོད་འབད་མི་ལས་སྡེ་ཚུ་དང་ འབྲེལ་བ་འཐབ་ནི་དེ་ གལ་ཅན་ཅིག་ཨིནམ་ད་ བརྡ་དོན་ཕྱི་འགྱུར་གོ་མི་དེ་གིས་ སྟབས་མ་བདེཝ་དང་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།

ཡོ་རོབ་ཀྱི་སྐོར་ལས་ ག་ཅི་ཤེས་དགོཔ་ཨིན་ན?

དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཡུ་རོབ་དང་ ཡུ་ཀེ་ ནིའུ་ཟི་ལེནཌི་ དེ་ལས་ ཨའི་ལེནཌི་ཚུ་ འོས་འབབ་ཅན་གྱི་ ས་གོ་ཅིག་ཨིན་རུང་ འཇམ་ཏོང་ཏོ་མེདཔ་ཨིན་པས།
རྒྱལ་ཁབ་དེ་ཚུའི་ནང་ དམིགས་བསལ་གྱི་དགོས་མཁོ་དང་ འབྲི་ལྷག་གི་དགོས་མཁོ་ དངུལ་འབྲེལ་གནས་སྟངས་ སློབ་ཕྲུག་ངོ་རྐྱང་གི་ཡི་གུ་ དུས་ཐེབས་ལཱ་གི་ ཐོབ་དབང་ལ་སོགས་པ་ཚུ་ ཡོདཔ་ཨིན་པས།
དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཡུ་རོབ་ཀྱི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ནང་ཐོན་མི་དེ་ དབྱེ་ཞིབ་འབད་དགོཔ་ད་ འཚོ་བའི་ཟད་འགྲོ་དང་ ལཱ་གི་ཐོབ་དབང་གི་སྐོར་ལས་ ལེགས་ཤོམ་སྦེ་ ཞིབ་འཚོལ་དང་ འཆར་གཞི་བརྩམ་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཡུ་རོ་པི་ཡཱན་མཐུན་འབྲེལ་ཚོགས་སྡེ་གིས་ མི་ཚུ་ལུ་ ཡུ་རོབ་ནང་ སློབ་ཕྲུག་གི་ སྐྱོད་ཐམ་འཐོབ་ནི་དེ་ འཇམ་ཏོང་ཏོ་མེནམ་བཞིན་དུ་ རྒྱལ་ཁབ་རེ་ལུ་ རང་སོའི་དགོས་མཁོ་མ་འདྲཝ་སྦེ་ ཡོད་ཟེར་ཨིན་པས།
མི་མང་མཐོ་རིམ་སློབ་གྲྭ་ཚུ་ནང་ འཐུས་དམའ་སུ་སྦེ་ཡོད་རུང་ ཁ་སྐད་སློབ་སྟོན་གྱི་ དགོས་མཁོ་ཡོདཔ་ཨིན་པས།
ཨིང་སྐད་སློབ་སྟོན་འབད་མི་ སྒེར་གྱི་མཐོ་རིམ་སློབ་གྲྭ་ཚུ་ནང་ འཐུས་མཐོ་དྲགས་སྦེ་ཡོདཔ་ད་ ཡུ་རོབ་ནང་ སློབ་སྟོན་འཐུས་ ཉུང་སུ་ཡོདཔ་ད་ རྒྱལ་ཁབ་ལ་ལོ་ཅིག་ནང་ སློབ་ཕྲུག་མ་གཏོགས་ ཁོང་དང་གཅིག་ཁར་ འཁྱིད་འགྱོ་མི་ཚུ་གི་ སྐྱོད་ཐམ་མི་བྱིན་དོ་ཡོདཔ་ཨིན་པས།
འདི་བཟུམ་སྦེ་ ས་གོ་ལ་ལོ་ཅིག་ནང་ འཚོ་བའི་ཟད་འགྲོ་ མཐོ་སུ་སྦེ་ཡོདཔ་ད་ དུས་ཐེབས་ཀྱི་ ལཱ་འཚོལ་ཞིབ་འབད་ནི་དེ་ཡང་ གདོང་ལེན་ཡོདཔ་ཨིན་པས།
ཡུ་རོ་པི་ཡཱན་མཐུན་འབྲེལ་ཚོགས་སྡེ་གིས་ གནད་དོན་དེའི་སྐོར་ལས་ ལེགས་སོམ་སྦེ་ ཤེས་ནིའི་དོན་ལུ་ འགན་ཁུར་འབག་དགོཔ་ད་ དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གིས་ བསམ་ཚུལ་བཀོད་མི་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ སློབ་ཕྲུག་ཚུ་གིས་འབད་རུང་ བརྡ་དོན་ཚུ་ ལེན་དགོ་ཟེར་ཨིན་པས།

སྐྱོད་ཐམ་མཐར་འཁྱོལ་དོན་ལུ་ དམིགས་བསལ་གན་ཡིག་མ་དགོཔ།

ད་རེས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་དང་ ཐོ་བཀོད་འབད་མི་ ཤེས་ཡོན་གྲོས་སྟོན་ལས་སྡེ་༨༠ ཡོད་པའི་གྲས་ལས་༧༩ འབྲུག་ཤེས་ཡོན་གྲོས་སྟོན་ལས་སྡེ་ནང་ ཐོ་བཀོད་འབད་དེ་ཡོདཔ་ད་ ལས་སྡེ་གི་གྱངས་ཁ་དེ་ གནད་དོན་མ་འདྲཝ་ ཡུན་བརྟན་གྱི་གནད་དོན་དང་ ལག་ལེན་འཐབ་མ་ཚུགསཔ་ལ་སོགས་པའི་ཐོག་ ལོ་རྫོགས་ཁམས་ལས་ མར་འབབ་འགྱོ་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ལཱ་འཇམ་ཏོང་ཏོ་བཟོ་ནིའི་དོན་ལས་ ཤེས་ཡོན་གྲོས་སྟོན་ལས་སྡེ་དང་ དམིག་བསལ་གྱི་གན་ཡིག་ ཡང་ཅིན་ འབྲེལ་མཐུད་ག་ནི་ཡང་མེདཔ་ད་ ལམ་ལུགས་དང་འཁྲིལ་ནི་དང་ བརྡ་དོན་ངེས་བདེན་ དེ་ལས་ བསླབ་སྟོན་འབད་ནི་དེ་ བརྡ་སྟོན་གཙོ་ཅན་ཅིག་ཨིནམ་བཞིན་དུ་ དེ་གིས་ ལས་སྡེ་ཚུ་ གི་གྲུབ་འབྲས་ ལེགས་ཤོམ་སྦེ་ འཐོན་ཚུགས་དོ་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡན་ཆེ་རིམ་ལྷན་ཚོགས་དང་འཁྲིལ་བ་ཅིན་ ཚོང་ལམ་གནས་ཚད་དང་འཁྲིལ་ཏེ་ སྐྱོད་ཐམ་ཆ་མེད་དེ་ བརྒྱ་ཆ་༡༠ ངོས་ལེན་འབད་དོ་ཡོདཔ་ད་ དེ་གི་འོག་ལས་ཡོད་པ་ཅིན་ འབྲིང་འཚམས་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
དཔལ་ལྡན་ཚེ་རིང་དང་འཁྲིལ་བ་ཅིན་ ཤེས་ཡོན་གྲོས་སྟོན་ཚོགས་སྡེའི་ འགན་ཁུར་དེ་ ཤེས་ཡོན་གྱི་ གདམ་ཁ་རྐྱབ་བྱིན་ནི་ཨིནམ་ད་ ལས་སྡེ་ཚུ་ གནས་སྤོ་དང་ གཏན་འཇགས་ལཱ་གཡོག་གི་སྐོལ་ལས་ གསལ་བསྒྲགས་འབད་མི་ཆོག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ ཐོ་བཀོད་འབད་མི་ ཤེས་ཡོན་གྲོས་སྟོན་ལས་སྡེ་ཚུ་གི་ བསླབ་སྟོན་པ་ཚུ་ལུ་ གནད་དོན་ཚུ་གྲོས་བསྟུན་འབད་ནི་ལུ་ ངོ་སྦྱོར་འབད་དེ་མེད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement