༉ དམིགས་བསལ་དུ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ནང་ ཞི་གཡོགཔ་དགོངས་ཞུའི་གྱངས་ཁ་མཐོ་ཤོས་ཡོདཔ་ལས་ རྒྱལ་ཡོངས་སློབ་སྟོན་ཞབས་ཏོག་ལུ་ རང་དབང་གི་དགོས་མཁོ་སྐོར་ལས་ ལྷན་ཁག་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་འབད་དོ་ཡོདཔ་ཨིན་པས།
གནད་དོན་དེ་གི་ཐོག་ལུ་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ལས་ ད་རེས་ དོན་སྨིན་ཅན་གྱི་ གྲོས་ཆོད་ཚུ་ ག་ནི་ཡང་ འབྱུང་མ་ཚུགས་པར་ ཡོདཔ་ཨིན་པས།
ལྷན་ཁག་གིས་ རང་དབང་བཟོ་དགོཔ་དེ་ གཡོག་བཙུགས་དང་ གདམ་འཐུ་ དེ་ལས་ སློབ་སྟོན་དང་འབྲེལ་བའི་ འཛིན་སྐྱོང་གི་ ལཱ་ཚུ་ཨིན་པས།
ཉམས་མྱོང་ཅན་དང་ སྦྱོང་བརྡར་ཅན་གྱི་ སློབ་སྟོན་པ་ཚུ་ དགོངས་ཞུ་འབད་བའི་སྐབས་ སློབ་སྦྱོང་མེད་མི་ཚུ་ ཁག་འབག་ཐོག་ ཚབ་བཙུགས་འབད་དགོཔ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་ལུ་ ངོས་ལེན་འབད་ཞིནམ་ལས་་ལམ་ལུགས་དེ་ སེལ་ཐབས་འབད་དགོཔ་ འདུག་ཟེར་ཨིན་པས།
ཐིམ་ཕུག་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ དར་དཀར་ལ་རྒཔོ་ དགའ་མདོག་གིས་ སླབ་མིའི་ནང་ ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ ལོ་༤ འི་རིང་ སྦྱོང་བརྡར་འབད་མི་ སློབ་དཔོན་ཚུ་ ལཱ་གཡོག་མེད་པར་ སྡོད་དགོཔ་བྱུང་སྟེ་ འདུག་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ གཞུང་གིས་ སློབ་དཔོན་གྱི་ སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སློབ་ཕྲུག་ལེ་ཤ་སྦེ་ ལེན་པའི་མཐའ་མར་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ ག་ར་ སློབ་གྲྭ་ཚུ་ནང་ བགོ་བཀྲམ་མི་འབད་བས་ཟེར་ དགའ་མདོག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་སྐབས་ལེགས་ཤོམ་མེདཔ་ལས་ སྦྱོང་བརྡར་ཅན་གྱི་ སློབ་དཔོན་ཚུ་ ཕྱི་རྒྱལ་ལུ་ འགྱོ་དོ་ཡོདཔ་ལས་ དེ་གིས་ གཞུང་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
དགའ་མདོག་གིས་ ཤེས་རིག་ལྷན་ཁག་ལུ་ ཞི་གཡོག་གི་ ཆོས་རྒྱུགས་ལུ་བརྟེན་ ལཱ་གཡོག་མ་ཐོབ་མི་ སྦྱོང་བརྡར་ཅན་གྱི་ སློབ་སྟོན་པ་ཚུ་ བཙུགས་དགོ་པའི་ཞུ་བ་འབད་ཡོདཔ་ད་ ཡུན་རིངམོ་སྦེ་ སྦྱོང་བརྡར་འབད་མི་དང་ ཁོང་རའི་ཁྱད་རིག་གིས་ རྒྱལ་ཁབ་ནང་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ བསམ་རྩེ་གི་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ བསྟན་འབྲུག་གི་རྒཔོ་ ཉི་མ་འབྲུག་པ་གིས་ སླབ་མིའི་ནང་ སྦྱོང་བརྡར་མེད་པའི་ ཁག་འབགཔ་གི་ སློབ་སྟོན་པ་ཚུ་ལུ་ ཐབས་རིམ་གྱི་ ལམ་སྟོན་དང་ རྒྱབ་སྐྱོར་ཚུ་ དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གིས་ དུས་ཚོད་ཁར་ དབྱེ་ཞིབ་དང་ ལྟ་རྟོག་གིས་ གཞི་རྟེན་གནས་ཚད་ནང་ ཤེས་རིག་སྤུས་ཚད་ ངེས་བརྟན་བཟོ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
གནད་དོན་དེའི་ཐད་ལུ་ ཤེས་རིག་ལྷན་ཁག་གི་ མི་སྟོབས་གཙོ་འཛིན་ ཉི་མ་དམ་འདུལ་གྱིས་ གལ་སྲིད་ རྒྱལ་ཡོངས་སློབ་སྟོན་འཆར་གཞི་ ཆ་འཇོག་འབད་བ་ཅིན་ ལྷན་ཁག་ལུ་ ད་ལྟོའི་ ལམ་ལུགས་ཡར་དྲག་དང་ སློབ་སྟོན་གྱི་ མི་སྟོབས་ལུ་ཡང་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འཆར་གཞི་དེ་གི་འོག་ལུ་ ཁག་འབགཔ་སློབ་སྟོན་ཚུ་ ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་དང་ མཉམ་འབྲེལ་འབད་ཐོག་ལས་ སྦྱོང་བརྡར་ཚུ་ ཐོབ་ཚུགས་ནི་ཨིན་པས།
གཙུག་ལག་གཞི་རིམ་ཡོད་པའི་ ཁག་འབགཔ་སློབ་སྟོན་ཚུ་ལུ་ གནམ་དགུན་སྐབས་ བསམ་རྩེ་མཐོ་རིམ་སློབ་གྲྭ་ནང་ ཟླཝ་༢ ཀྱི་ སྦྱོང་བརྡར་བྱིན་ནི་དང་ ཁོང་གིས་ སྦྱོང་ཚན་༤ མཇུག་བསྡུ་པའི་ཤུལ་ལས་ ལོ་༢ ཀྱི་ནང་འཁོད་ལུ་ གཙུག་ལག་ཁྱད་རྩལ་ཐོབ་ནིའི་དོན་ལུ་ གནམ་བྱཱར་གྱི་ ངལ་གསོ་སྐབས་ སྦྱང་བ་འབད་དགོ་ཟེར་ མི་སྟོབས་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
སློབ་དཔོན་སློབ་སྦྱོང་ནང་ གཙུག་གཞི་རིམ་གྱི་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་རྐྱབ་དགོ་པའི་ཐད་ལུ་ མི་སྟོབས་གཙོ་འཛིན་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་དེ་ སློབ་སྟོན་ཞབས་ཏོག་འཆར་གཞི་གི་ སློབ་དཔོན་ ཁྱད་ཡོན་ཚད་གཞི་ བརྟག་དཔྱད་ཆོས་རྒྱུགས་འོག་ལུ་ ཚབ་བཙུགས་འབད་ནི་ལུ་ འཆར་གཞི་བརྩམས་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་དཔོན་ཚུ་གིས་ ཞི་གཡོག་གི་ཆོས་རྒྱུགས་ཚབ་སྦེ་ ཁྱད་ཡོན་ཚད་གཞིའི་ བརྟག་དཔྱད་ཆོས་རྒྱུགས་དེ་ རྐྱབ་དགོ་ཟེར་ཨིན་པས།
གནད་དོན་དེ་ འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ སྤྱི་ཚོགས་ཀྱི་ རྒྱལ་ཡོངས་ཚོགས་སྡེའི་ ཤེས་རིག་གི་ དམིགས་བསལ་ཚོགས་ཆུང་གིས་ ཞུ་བ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ གནས་སྐབས་སྙན་ཞུ་དང་འཁྲིལ་བ་ཅིན་ ཚོགས་ཆུང་གིས་ གཞུང་གིས་ ད་ལྟོའི་ སློབ་སྟོན་གསར་བཙུགས་བྱ་སྒོ་དང་ ཤེས་རིག་མཐོ་རིམ་སློབ་གྲྭའི་ ཁྱད་ཡོད་ཚད་གཞི་ཚུ་ཡང་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ སློབ་སྟོན་བགོ་བཀྲམ་ལམ་ལུགས་ཚུ་ཡང་ བསྐྱར་ཞིབ་འབད་དགོ་མི་དེ་ཡང་ སློབ་དཔོན་དང་ སློབ་ཕྲུག་ཆ་ཚད་འཁྲིལ་ཏེ་ཡོདཔ་ད་ ཁྱད་རིག་དང་འཁྲིལ་ཏེ་ སློབ་དཔོན་ཚུ་ བགོ་བཀྲམ་འབད་དགོ་པའི་ཁར་ སློབ་གྲྭའི་དམིགས་བསལ་དགོས་མཁོ་ཚུ་ འགྲུབ་དགོ་ཟེར་ཨིན་པས།
མང་ཤོས་ཅིག་གིས་ ལྷན་ཁག་གི་འཆར་གཞི་ཚུ་ ག་དེ་སྦེ་ མཐར་འཁྱོལ་འབྱུང་འོང་གའི་ དོགས་པ་ཡོདཔ་ད་ དེ་ཡང་ ཞི་གཡོག་ལྷན་ཚོགས་ཀྱིས་ གྲོས་འཆར་དེ་ལུ་ རང་དབང་ཐོག་ལས་ ཐག་གཅད་པ་ཅིན་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།