༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཐིམ་ཕུག་ལུ་སྦེ་ དངུལ་རྩིས་ལྷན་ཁག་ འཆར་གཞི་༡༣ པའི་ལག་ལེན་གྱི་ མཉམ་འབྲེལ་ཞལ་འཛོམས་སྐབས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ རྒྱུ་དངོས་ཁྲལ་དང་འབྲེལ་བའི་ གནད་དོན་དང་ མི་སྟོབས་མ་ལང་པའི་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
སྤུ་ན་ཁའི་ ཤེལ་རྔ་ན་རྒཔོ་ བསམ་གཏན་ཕུན་ཚོགས་ཀྱིས་ འཕྲུལ་སྐར་ཐོག་ལས་ ཁྱིམ་གུང་དབྱེ་ཞིབ་འབད་བའི་སྐབས་ ཁྱིམ་གུང་དང་ གཞི་རྟེན་ ནོར་ཁྱིམ་ དེ་ལས་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ ཚུད་དེ་ཡོདཔ་བཞིན་དུ་ དེ་ཚུའི་ ཁྲལ་ཚུ་བཏབ་སྟེ་ཡོདཔ་ལས་ ལོག་འཐོབ་ག་ཟེར་ དྲི་དཔྱད་འབད་ནུག།
ཁོ་གིས་འབད་བ་ཅིན་ ཁྲལ་བཏབ་མི་ཚུ་ གཞུང་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲི་ཤོག་ཕཱོམ་ཚུ་ བཀང་ཚར་ཏེ་ཡོད་ཟེར་ཨིན་པས།
དེ་དང་འབྲེལ་ སྤུ་ན་ཁ་མགུ་མ་རྒཔོ་ ཀུན་ལེགས་རྒྱལ་མཚན་དང་ ཆུ་ཁའི་རྒཔོ་ ཀུན་ལེགས་རྡོ་རྗེ་གིས་ཡང་ ཕྱུག་པོའི་ཁྲལ་བཏབ་མི་ཚུ་ ལོག་ཐོབ་ནུག་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ ངོ་སྤྲོད་ལག་ཁྱེར་དང་ ཁྲམ་ཨང་༢ ཀྱི་བར་ན་ གཅིག་མཚུངས་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ཡང་ བཤད་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ལོ་དང་པའི་ནང་ རྒྱུ་དངོས་ཁྲལ་ལམ་ལུགས་ཀྱིས་ སྟབས་མ་བདེཝ་ ཐོན་མི་ལུ་ ངོས་ལེན་འབད་ཡོད་རུང་ གནད་དོན་མང་ཤོས་ཅིག་ སེལ་ཐབས་འབད་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་ བརྡ་དོན་འཕྲུལ་རིག་གི་ ལམ་ལུགས་ལེགས་བཅོས་འབད་ཐོག་ལས་ སྟབས་མ་བདེཝ་ མང་ཤོས་ཅིག་ སེལ་ཐབས་འབད་ཚུགས་ནི་ཨིནམ་མ་ད་ མི་སྡེའི་བརྡ་དོན་ལྟེ་བ་ཚུ་ རྒེད་འོག་བདག་སྐྱོང་དང་ མཉམ་སྡེབ་འབད་མི་གིས་ཡང་ གནད་དོན་ཚུ་ སེལ་ཐབས་འབད་འོང་ཟེར་ཨིན་པས།
རྒྱུ་དངོས་ཁྲལ་བཏབ་མི་ཚུ་ ལོག་འཐོབ་ནི་དང་ གཞུང་གིས་ ཕྱུག་པོའི་ཁྲལ་དེ་ དགོངས་ཡངས་གཏང་ནི་གི་ ལས་རིམ་སྒྲིག་སྟེ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
འོང་འབབ་དང་ཅ་དམ་གྱི་ ཡོངས་ཁྱམ་མདོ་ཆེན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ བསྐྱར་ཞིབ་འབད་བའི་ རྒྱུ་དངོས་ཁྲལ་ལམ་ལུགས་དེ་ འདྲ་མཉམ་དང་དྲང་བདེན་ ངེས་བརྟན་བཟོ་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོང་གསེབ་ཚུ་ནང་ གནས་སྡུད་རྒྱབ་ལུས་མི་དེ་ཡང་ མི་སྟོབས་ཀྱི་དཀའ་ངལ་དང་ བརྟག་ཞིབ་དེ་ཡང་ ཁྲོམ་གྱི་ས་ཁོངས་ནང་སྡོད་དེ་ འབད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ གཞུང་གིས་ འཕྲུལ་སྐར་པར་ཆས་ ལག་ལེན་འཐབ་པའི་སྐབས་ ནོར་ཁྱིམ་དང་ སྣུམ་འཁོར་བཞག་ས་ དེ་ལས་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ཡང་ སྡོད་ཁྱིམ་གྱི་གྲངས་སུ་ཚུད་ཡོདཔ་ལས་ རྒྱུ་དངོས་ཁྲལ་ཕོགཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲམ་བསྣར་འགྱངས་ལུས་མི་ཚུ་ ཨང་གྲངས་ག་ལྷོད་འཐུ་སྟེ་ ཁྲལ་བཀལ་དོ་ཡོད་རུང་ གནད་དོན་དེ་ སེལ་ཐབས་འབད་དེ་ཡོད་ཟེར་ཨིན་པས།
རྒྱུ་དངོས་ཁྲལ་བསྐྱར་ཞིབ་ལམ་ལུགས་ཀྱིས་ སྤྱི་ལོ་༢༠༢༣ ལུ་ འོང་འབབ་དངུལ་ཀྲམ་ས་ཡ་༦༥༠བཟོ་ཡོདཔ་ད་ རྒྱུ་དངོས་ཁྲལ་བརྒྱ་ཆ་༣ བཀལ་ནི་འགོ་བཙུགས་མི་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༦༡.༨ བཟོ་ཡོདཔ་ཨིན་པས།
རྒཔོ་ཅིག་གིས་ སླབ་མིའི་ནང་ ས་གནས་གཞུང་སྐྱོང་ལག་ལེན་འཐབ་ནི་ལུ་ མི་སྟོབས་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ གཞུང་གིས་ སྲིད་བྱུས་བསྒྱུར་བཅོས་དང་ ཞི་གཡོགཔ་ཚུ་ སེམས་ཤུགས་འཐོབ་ནི་ལུ་ མཐུན་རྐྱེན་བྱིན་ཏེ་ བར་འཛུལ་འབད་དགོཔ་འདུག་ཟེར་ཨིན་པས།
བློན་པོ་ལས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དེ་ ས་གནས་གཞུང་རྐྱངམ་གཅིག་མེན་པར་ ལྷན་ཁག་དང་ ལས་སྡེ་ག་རའི་ནང་ཡོདཔ་ད་ གཞུང་གིས་ ཞི་གཡོགཔ་ཚུ་ལུ་ ཟླ་རིམ་དངུལ་ཕོགས་དང་ མཐུན་རྐྱེན་བྱིན་ནི་ལུ་ འཆར་གཞི་བརྩམས་ཡོདཔ་བཞིན་དུ་ ལཱ་ལ་ལོ་ཅིག་ སྒེར་སྡེ་ལུ་ བྱིན་ནི་གི་ འཆར་གཞི་ཡང་ བཟོ་དོ་ཟེར་ཨིན་པས།
རྒཔོ་ཚུ་གིས་ གྲུབ་འབྲས་དང་གཞི་བཞག་སྟེ་ཐོབ་པའི་ གནང་བྱིན་སྐོར་ལས་ བཤད་ཡོདཔ་བཞིན་དུ་ གནད་དོན་དེ་ལུ་ དངུལ་རྩིས་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དེ་ཚུ་ཡང་ གྲུབ་འབྲས་དབྱི་ཞིབ་འབད་བའི་སྐབས་ དགོས་མཁོ་ཡོད་པའི་ ཡན་ལག་ཅིག་ ཨིན་ཟེར་ཨིན་པས།
ཞལ་འཛོམས་ནང་ འཆར་གཞི་༡༣ པའི་ རྩིས་ཆད་དངུལ་ཀྲམ་ཐེར་འབུམ་༥༥.༩༤ སྐོར་ལས་ གྲོས་བསྡུར་བྱུང་ཡོདཔ་ད་ གཞུང་གིས་ སྲིད་བྱུས་དང་ ཚོང་ལམ་ལེགས་ཤོམ་ཅིག་ བཏོན་དགོཔ་འདུག་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ ངེས་བརྟན་འབད་ཡོདཔ་ད་ སོ་ནམ་ལས་སྡེའི་ནང་ འཆར་གཞི་༡༣ པའི་ནང་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༡༢ ལས་ དངུལ་ཀྲམ་ཐེར་འབུམ་༧༢ བགོ་བཀྲམ་འབད་ནུག།
གཞུང་ལྟེ་བ་དང་ ས་གནས་གཞུང་ཚུ་གི་བར་ན་ བདུན་ཕྲག་༡ གི་ མཉམ་འབྲེལ་ཞལ་འཛོམས་དེ་ཡང་ འཆར་གཞི་༡༣ པའི་ འཆར་གཞི་ཚུ་ འཇོན་ཐངས་ཅན་དང་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་དམིགས་ཏེ་ཨིན་པས།
རྫོང་ཁག་༢༠དང་ ཁྲོམ་སྡེ་༤ དེ་གི་དྲུང་ཆེན་ རྒེད་འོག་༢༠༥ གི་རྒཔོ་ རྫོང་ཁག་ཁྲོམ་སྡེའི་འཐུས་མི་ རྫོང་ཁག་དང་ཁྲོམ་སྡེའི་ འཆར་གཞི་འགོ་དཔོན་ཚུ་གིས་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ཚུ་དང་ ཞལ་འཛོམས་འཚོགས་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

Advertisement