༉ འཕྲལ་འཕྲལ་ར་ རྐང་པར་རྒེད་འོག་གི་ས་གནས་ དཔེ་དུང་བྲག་ལུ་ ས་རུད་ཆད་མི་དེ་གིས་ རྒེད་འོག་དང་ ཁྲིམས་ཤིང་དྲུང་ཁག་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ལུ་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།

དེ་ཡང་ རྐང་པར་རྒེད་འོག་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་ཁར་ཡོདཔ་ད་ གནམ་བྱཱར་ཨ་རྟག་ར་ ས་གནས་ཀྱི་འཁོར་ལམ་མི་ཊར་༡༢༠དེ་ཅིག་ ས་རུད་ཀྱིས་ བསུབས་བཞག་དོ་ཡོདཔ་ཨིན་པས།

ས་རུད་ཆད་དེ་ འཁོར་ལམ་བསུབས་པའི་སྐབས་ ས་གནས་སྦ་དེང་ཕུག་བརྒྱུད་དེ་ འགྱོ་སའི་འཁོར་ལམ་སོ་སོ་ཅིག་ཡོད་རུང་ ཀི་ལོ་མི་ཊར་༥༨ དེ་ཅིག་ འགྲོ་འགྲུལ་འབད་དགོ་དོ་ཡོདཔ་ད་ འཕྲལ་འཕྲལ་འཁོར་ལམ་དེ་ཡང་ ས་རུད་ཀྱིས་ བསུབས་བཞག་དོ་ཡོདཔ་ཨིན་པས།

ས་གནས་དཔེ་དུང་ཕུག་ལུ་ ས་རུད་ཆད་པའི་སྐབས་ རྒེད་འོག་བདག་སྐྱོང་གིས་ འཕྲུལ་ཆས་དང་ ལས་མི་ཚུ་བཙུགས་དོ་ཡོད་རུང་ འཁོར་ལམ་བསལ་ནིའི་དོན་ལུ་ ཟད་འགྲོ་མང་རབས་ཅིག་ གཏང་དགོཔ་ཐོན་དོ་ཡོདཔ་ཨིན་པས།

ལོ་བསྟར་བཞིན་དུ་ འཁོར་ལམ་བསལ་ནི་དང་ ས་རུད་ཆད་མི་ཚུ་བསལ་བའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༥ དང་ ས་ཡ་༢ ཀྱི་བར་ན་ གནས་དོ་ཡོདཔ་ཨིན་པས།

རྐང་པར་རྒེད་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ དཔེ་དུང་ཕུག་ལུ་ ས་རུད་ཆད་དོ་ཡོདཔ་ལས་ གནམ་བྱཱར་ལུ་ ཕར་ཚུར་འགྲོ་འགྲུལ་འབད་དགོཔ་འཐོན་པའི་སྐབས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ས་རུད་ཆད་དེ་ ལོ་༥ ལྷགཔ་ཅིག་སོང་ཡོདཔ་ལས་ ས་རུད་བཀག་ཐབས་འབད་ས་ཅིག་ མ་མཐོང་ཟེར་ཨིནམ་ད་ དུས་ཅི་འབད་རུང་ ས་རུད་ཆད་པ་ཅིན་ དཀའ་ངལ་ཐོག་ལུ་ར་ ལུས་ནི་མས་ཟེར་ཨིན་པས།

ལ་ལོ་ཅིག་གིས་འབད་བ་ཅིན་ ས་གནས་ནང་ ས་རུད་ཆད་པའི་གུ་ གཏན་འཇགས་ཀྱི་ཐབས་ལམ་ཅིག་ བཏོན་དགོཔ་འདུག་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ གནས་སྟངས་དེ་སྦེ་ར་ལུས་པ་ཅིན་ མི་སེར་ཚུ་ དཀའ་ངལ་ཐོག་ལུ་ར་ སྡོད་དགོཔ་འཐོན་ནི་མས་ཟེར་ཨིན་པས།

དཔེ་དུང་ཕུག་ལུ་ ལམ་ལྟག་ལུ་ ས་རུད་དང་རྡོ་ཚུ་ སྤུངས་ཏེ་ཡོདཔ་ལས་ འགྲུལ་པ་ཚུ་གི་ ཚེ་སྲོག་ལུ་ཉེན་ཁ་འདུག་ཟེར་ ས་གནས་ནང་སྡོད་མི་ སྨོན་ལམ་རྡོ་རྗེ་གིས་ བཤད་པའི་ཁར་ གནོད་སྐྱོན་མ་བྱུངམ་ལས་ མགྱོགས་སུ་སྦེ་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།

ཞི་གཡོགཔ་ཚུ་གིས་འབད་བ་ཅིན་ དཔེ་དུང་ལུ་ མི་ལུ་ཤི་རྐྱེན་བྱུང་ཡོདཔ་ལས་ ས་གནས་དེ་ ས་རུད་ལས་བརྟེན་ འདྲོག་སི་སི་ཅིག་ལུ་གྱུར་ཏེ་ཡོད་ཟེར་ཨིན་པས།

འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ འཕྲལ་འཕྲལ་ར་ རྡོ་འབུད་འོང་དོ་ཡོདཔ་ལས་ ཉེན་ཁ་སྦོམ་ཡོད་ཟེར་ ཞི་གཡོགཔ་ཅིག་གིས་ བཤད་པའི་ཁར་ འདས་པའི་ལོ་༥ དེ་ཅིག་ ས་རུད་ཆད་མི་ལུ་བརྟེན་ དཀའ་ངལ་ཐོག་ལུ་ར་ སྡོད་ཡོདཔ་བཞིན་དུ་ དུས་ཅི་འབད་རུང་ དཀའ་ངལ་བྱིན་ནི་བཟུམ་འདུག་ཟེར་ཨིན་པས།

བོ་ལི་རོ་དེད་གཡོགཔ་ བཀྲིས་དབང་འདུས་ཀྱིས་འབད་བ་ཅིན་ གནམ་དགུན་ལུ་ འཁོར་ལམ་ལེགས་བཅོས་མ་འབད་བ་ཅིན་ གནམ་བྱཱར་ལུ་ དཀའ་ངལ་བྱིན་ནི་དེ་ ངེས་བདེན་ཨིན་ཟེར་ཨིནམ་ད་ སྦས་དེང་ཕུག་བརྒྱུད་དེ་ འགྲོ་འགྲུལ་འབད་རུང་ གནམ་བྱཱར་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་འཁོར་ལམ་དེ་ མི་རློབས་༥,༤༥༩ དེ་ཅིག་ལུ་ མེད་ཐབས་མེད་པའི་འཁོར་ལམ་ཅིག་ཨིན་ཟེར་ཨིན་པས།

འཁོར་ལམ་ལག་ལེན་འཐབ་མི་ཚུ་དང་འཁྲིལ་བ་ཅིན་ གནམ་བྱཱར་ལུ་ འཁོར་ལམ་བསལ་ནི་ཡོད་རུང་ ཡུན་བརྟན་གྱི་དོན་ལས་ དཀའ་ངལ་དེ་ སེལ་ཐབས་འབད་དགོཔ་འདུག་ཟེར་ཨིན་པས།

དཔེ་དུང་ཕུག་ལུ་ ས་རུད་ཆད་མི་དེ་ བཀག་ཐབས་འབད་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ ཞུ་བ་འབད་ཡོད་རུང་ ད་ལྟོ་ཚོན་ཚོད་ ག་ནི་ཡང་ འབད་ས་མ་མཐོང་ཟེར་ དེད་གཡོག་བཀྲིས་ཀྱིས་ བཤད་པའི་ཁར་ ས་རུད་ཆད་དེ་ ལོ་༥ དེ་ཅིག་ འགྱོ་དོ་ཟེར་ཨིན་པས།

རྐང་པར་རྒཔོ་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་དང་གཞུང་ལུ་ ས་རུད་བཀག་ཐབས་ཀྱི་ ཐབས་ལམ་བཏོན་དགོ་པའི་ གྲོས་འཆར་བཙུགས་ཡི་ཟེར་ཨིནམ་ད་ དེའི་ལན་གསལ་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

གཞུང་གི་ཁ་ཐུག་ལས་ ས་ཁམས་མཁས་མཆོག་དང་ ལམ་གྱི་མཁས་མཆོག་ཚུ་བཏང་སྟེ་ ཞིབ་དཔྱད་འབད་ཞིནམ་ལས་ ཐབས་ལམ་བཏོན་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ རྒཔོ་གིས་བཤད་པའི་ཁར་ རྒེད་འོག་བདག་སྐྱོང་ལུ་ མ་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

ཀི་ལོ་མི་ཊར་༣༣ འབད་མི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ མཁར་རུང་ལ་ལས་འགོ་བཙུགས་ རྐང་པར་རྒེད་འོག་ཚུན་ སྤྱི་འོག་༥ གི་ མི་སེར་ཚུ་ལུ་ ཁེ་ཕན་བྱུང་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ར་ འཁོར་ལམ་བསུབས་བཞག་ནི་དེ་གིས་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།

རྐང་པར་རྒེད་འོག་དེ་ མཐའ་ཟུར་གྱི་ རྒེད་འོག་ཅིག་ཨིནམ་ལས་ ས་གནས་དཔེ་དུང་གི་གནས་སྟངས་དེ་ དེ་སྦེ་ར་ལུས་པ་ཅིན་ ཡར་རྒྱས་འགྱོ་ནི་ལུ་ དུས་ཡུན་ལེ་ཤ་འགོར་ནི་མས་ཟེར་ ཚོང་པ་ཅིག་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།རྐང་པར།

Advertisement