གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

༉ བཀྲིས་གཡང་རྩེ་ སྦིམ་མཁར་གཡུས་ཚན་ལས་ཨིན་མི་ སོ་ནམ་པ་ ཚེ་རིང་གཡུས་སྒྲོན་གྱིས་ ལོ་༡༠ ལྷགཔ་ཅིག་གི་རྒྱབ་ལས་ མོ་རའི་ས་ཞིང་ཨེ་ཀར་༡.༨ དེ་ཅིག་ཡོད་མི་དེ་ འཛིན་སྐྱོང་འཐབ་ཚུགས་ཡོདཔ་ཨིན་པས།

དེ་ཡང་ གཞུང་དང་ལས་སྡེ་ཚུ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལེགས་བཅོས་འབད་ཚུགས་ཡོདཔ་ད་ ས་ཞིང་སྟོངམ་བཞག་དགོཔ་ཐོན་མི་དེ་ ཧེ་མ་འབད་བ་ཅིན་ རི་དྭགས་སེམས་ཅན་དང་ ས་ཞིང་ནང་རྡོ་རུ་ཡོད་མི་ དེ་ལས་ ལས་མི་མ་ལང་པའི་གནད་དོན་ལུ་བརྟེན་ཏེ་ ལུས་ཡོདཔ་ཨིན་པས།

སོ་ནམ་ཚུ་གིས་ ས་ཞིང་ལེགས་བཅོས་འབད་ནི་དེ་ འཇམ་ཏོང་ཏོ་མེནམ་ལས་ རྫོང་ཁག་གི་ འཕྲུལ་ཆས་རྒྱབ་སྐྱོར་འབད་ཐོག་ལས་ ས་ཞིང་ལེགས་བཅོས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཚེ་རིང་གཡུས་སྒྲོན་གྱིས་འབད་བ་ཅིན་ གཞུང་གིས་ མ་དངུལ་གྱི་རྒྱབ་སྐྱོར་མ་གནང་པ་ཅིན་ ས་ཞིང་ལེགས་བཅོས་འབད་མི་བདེན་པས་ཟེར་ཨིནམ་ད་ ས་ཞིང་ལེགས་བཅོས་འབད་བའི་ཤུལ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།

སོ་ནམ་པ་ ཐུགས་རྗེ་རྣམ་རྒྱལ་གྱིས་འབད་བ་ཅིན་ ས་ཞིང་ལེགས་བཅོས་འབད་བའི་ཤུལ་ལུ་ སོ་ནམ་པ་མང་ཤོས་ཀྱིས་ སོ་ནམ་ཞིང་ལཱ་འབད་ནིའི་ མནོ་བསམ་འདུག་ཟེར་ཨིནམ་ད་ དེ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་འཐོབ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མང་ཤོས་ར་ སོ་ནམ་ཞིང་ལཱ་འབད་ནིའི་ འགོ་བཙུགས་ཡོདཔ་མ་ཚད་ ཚོད་བསྲེ་རྒྱ་ཆེ་དྲགས་སྦེ་ བཙུགས་ནིའི་མནོ་བསམ་འདུག་ཟེར་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཕྲན་གྱིས་ རྒེད་འོག་༨ ཀྱིས་ ས་ཞིང་སྟོངམ་ལུས་མི་ཚུ་ ལེགས་བཅོས་འབད་ནིའི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ སོ་ནམ་གྱི་ལཱ་དང་ ཚོད་བསྲེ་གི་ལཱ་ག་གིས་ འབད་ཚུགས་ནི་ཨིན་པས་ག་ གཙོ་རིམ་བསྒྲིགས་ཏེ་ ལེགས་བཅོས་འབད་ཡོདཔ་ཨིན་པས།

འཇམ་མཁར་རྒེད་འོག་ལས་ཨིན་མི་ ཨྱོན་ལྷ་མོ་གིས་འབད་བ་ཅིན་ ཆུ་ཞིང་མང་ཤོས་ར་ རྒྱ་སྦོམ་བཟོ་ཡོདཔ་ལས་ འཕྲུལ་ཆས་ལག་ལེན་འཐབ་བཏུབ་པས་ཟེར་ཨིནམ་ད་ མོ་གིས་ ས་ཞིང་ཌིསི་༥༠ དེ་ཅིག་ ལེགས་བཅོས་འབད་ཚུགས་ཅི་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ས་ཞིང་ལེགས་བཅོས་འབད་བྱིན་མིའི་གུ་ སོ་ནམ་པ་ཚུ་གིས་ ལཱ་འབད་བ་ཅིན་ བཟའ་འཐུང་ཉེན་སྲུང་ལུ་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

སོ་ནམ་པ་ བཀྲིས་ལ་གིས་འབད་བ་ཅིན་ དུས་ཅི་ལས་ བྱཱ་ལཱ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ས་ཞིང་ལེགས་བཅོས་འབད་བྱིན་མི་ལུ་ མི་སེར་མང་ཤོས་ར་ སོ་ནམ་གྱི་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཕྲན་དང་འཁྲིལ་བ་ཅིན་ སྐམ་ཞིང་ཨེ་ཀར་༡༢༧.༡ དང་ ཆུ་ཞིང་ཨེ་ཀར་༣༠༡.༤༦ ལེགས་བཅོས་འབད་ཡོདཔ་ད་ སོ་ནམ་གྱི་ཐོན་ཤུགས་ ཡར་སེང་གཏང་ཐབས་དང་ ག་ལུ་ཁེ་ཕན་འབྱུང་ནི་ཨིན་པས་ག་ གཙོ་རིམ་བསྒྲིགས་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ འཆི་མེད་གྲགས་པ་གིས་ སླབ་མིའི་ནང་ ས་ཞིང་འཛིན་སྐྱོང་འབད་མི་གིས་ མི་སེར་ཚུ་ལས་ངོས་ལེན་ལེགས་ཤོམ་ཐོབ་ཅི་ཟེར་ཨིནམ་ད་ ས་ཞིང་མང་ཤོས་ར་ གྱེན་གཟར་དྲགས་ཡོདཔ་ལས་ ལེགས་བཅོས་འབད་བའི་སྐབས་ སའི་བཅུད་ཚུ་ འཕྱག་མི་འབག་དོ་ཡོདཔ་ལས་ ཁེ་ཕན་སྦོམ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་ཞིང་ལེགས་བཅོས་འབད་བའི་ཤུལ་ལུ་ སོ་ནམ་པ་ཚུ་ ལཱ་འབད་ནི་ནང་སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིནམ་ད་ འཕྲུལ་ཆས་ཡང་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།

ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གྲང་མེད་ཆུའི་མཐའམ་བདའ་སྟེ་ ས་ཞིང་ལེགས་ཤོམ་སྟོངམ་ལེ་ཤ་ཡོད་ལས་ ཆུ་ཞིང་སྦེ་ལག་ལེན་འཐབ་སྟེ་ ཆུམ་ཐོན་སྐྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ཚོ་གཙང་ས་ཁོངས་ནང་ ས་ཞིང་ལེགས་བཅོས་འབད་ནི་ལུ་ སྲིད་བྱུས་ཀྱི་རྒྱབ་སྐྱོར་འབད་བ་ཅིན་ ཆུམ་ཐོན་སྐྱེད་འབད་ནི་ལུ་ འོས་འབབ་སྦོམ་ཡོད་ཟེར་ སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ བཤད་པའི་ཁར་ ས་ཞིང་སྟོང་ལུས་མི་དེ་ འཁོར་ལམ་དང་ རི་དྭགས་སེམས་ཅན་གྱི་གནོད་པ་ དེ་ལས་ ཞིང་ཆུ་བཀྲམ་སྤེལ་མེད་ནི་དེ་གིས་ བཤོལ་བཞགཔ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ བྱཱ་ཐོན་སྐྱེད་ཐེངས་༢ དང་ ཚོད་བསྲེ་མ་འདྲཝ་ ཐོན་བསྐྱེད་འབད་ཚུགས་པའི་ རེ་བ་ཡོདཔ་ལས་ དེ་གིས་ རང་མགོ་རང་འདྲོངས་ལུ་ ཁེ་ཕན་སྦོམ་ཡོད་ཟེར་ཨིནམ་ད་ དགོཔ་ཟེར་རུང་ ས་ཞིང་ལེགས་བཅོས་དང་འཁོར་ལམ་དེ་ དགོཔ་འདུག་ཟེར་ཨིན་པས།

འཇམ་མཁར་རྒཔོ་ ཆོས་སྐུ་གིས་འབད་བ་ཅིན་ གཞུང་གིས་ ཟད་འགྲོ་ལེ་ཤ་བཏང་ཐོག་ལས་ ས་ཞིང་ལེགས་བཅོས་འབད་བྱིན་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་འབད་མ་འབད་ ལྟ་རྟོག་འབད་དོ་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་དང་ སོ་ནམ་པ་ཚུ་གི་བར་ན་ ས་ཞིང་བཟའ་སྤྱོད་འབད་ནིའི་དོན་ལུ་ འགན་རྒྱ་བཟོ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ས་ཞིང་ལེགས་བཅོས་འབད་མིའི་གུ་ བཟའ་སྤྱོད་འབད་བཅུག་ཐབས་ལུ་ཨིན་ཟེར་ རྒཔོ་གིས་བཤདཔ་ཨིན་པས།

གཞུང་གིས་ སྤྱི་ལོ་༢༠༡༦ དང་༢༠༢༣ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༣.༣༠༥ བཏང་ཐོག་ལས་ ས་ཞིང་ལེགས་བཅོས་འབད་ཡོད་པའི་གནས་ཚུལ།

Advertisement