༉ སྤྱི་ཟླ་༦ པའི་ཚེས་༣༠ དྲོ་པའི་ཆུ་ཚོད་༣.༣༠ དེ་ཅིག་ཁར་ གསར་སྤང་ ཆུ་འཛོམས་རྒེད་འོག་ བྲག་ཆུ་གཡུས་ཚན་ནང་ བོ་ཅུང་འཚའ་ནི་ཡོད་མི་ ཇར་སི་བ་ཅིག་ ས་རུད་ཆད་འོང་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཇར་སི་བ་དེ་ སྐྱེས་ལོ་༤༥ ལང་མི་ བཱག་ཏི་རམ་ མིསི་ཤར་གྱི་ཨིནམ་ད་ ཁོ་ལུ་ བཟའ་ཚང་འཐུས་མི་༨ ཡོདཔ་ཨིན་པས།
ལོ་༦ ལང་མི་ ཇར་སི་དེ་གིས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡༠ ལས་༡༥ དེ་རེ་ བྱིན་དོ་ཡོདཔ་ད་ ནོར་དེ་ བཱག་ཏི་རམ་ མིསི་ཤར་གྱིས་ ལོ་༡ གི་ཧེ་མར་ རྩི་རང་ལས་ཉོ་ཡོདཔ་ད་ ད་རེས་ ནོར་དེ་ཉོ་བ་ཅིན་ གོང་ཚད་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ གནས་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ སྒོ་ནོར་ཐོན་སྐྱེད་ཀྱི་དོན་ལུ་ ཇར་སི་དེ་ལུ་ བརྟེན་སྡོད་ཅི་ཟེར་ཨིན་པས།
ཨོམ་བཞོ་ནི་ཡོད་མི་བ་དེ་ ནོར་ཁྱིམ་ནང་བཞག་ཡོདཔ་ད་ བ་གཞན་༤ པོ་དེ་ ལུད་བསག་ནིའི་དོན་ལུ་ ཕྱི་ཁར་གཞིས་ཁྱིམ་ནང་ བཏགས་བཞག་ཡོདཔ་བཞིན་དུ་ ཚེ་འདས་བ་དེ་ ས་རུད་ལུ་བརྟེན་ ས་གི་འོག་ལུ་ ཨེབ་དཔ་ཨིན་པས།
ཆུ་རུད་དེ་ བཱག་ཏི་རམ་ མིསི་ཤར་སྡོད་ས་ལས་ མི་ཊར་༥ དེ་ཅིག་གི་ལྟག་ལས་མར་ བྱུང་ཡོདཔ་ལས་ ཇར་སི་བ་གཞན་ཅིག་ལུ་ཡང་ ས་གི་འོག་ལུ་ ཨེབ་ཡོདཔ་ལས་ ད་རེས་ ཇར་སི་བ་༣ ལུས་ཡོདཔ་ཨིན་པས།
ཇར་སི་བ་གི་ བོའུ་ཅུང་དེ་ དེ་ཚེ་དྲོ་པ་ རག་རོ་ཚུ་ནང་ལས་ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་པས།
དེ་གིས་མ་ཚད་ ས་རུད་ཀྱིས་ བཱག་ཏི་རམ་ མིསི་ཤར་གྱི་ དངུལ་ཐོག་ཨ་ལཱན་ཅི་ ལྡུམ་ར་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་བཞིན་དུ་ ཆུ་འཛོམས་རྒེད་འོག་བདག་སྐྱོང་གིས་ དབྱེ་ཞིབ་འབད་བའི་སྐབས་ ས་ཆ་ཌི་སི་མལ་༤༠ དེ་ཅིག་མེདཔ་བཏང་ཡོདཔ་སྦེ་ གསལ་བཀོད་འབད་ནུག།
དེ་བཟུམ་སྦེ་ ཕྱི་ཁར་ཆུ་འཁྱུ་སའི་ ཁང་མིག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ད་ ང་བཅས་ཀྱིས་ འུར་སྐད་ཅིག་ གོ་ཡོད་རུང་ ས་རུད་འཐོན་འོང་ཟེར་བའི་ དོགས་པ་མ་ཆགས་ཟེར་ བཱག་ཏི་རམ་གྱིས་ བཤདཔ་ཨིན་པས།
གཡུས་ཚན་དེ་ དོག་ས་ལུ་ཡོདཔ་ལས་ རྒེད་འོག་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཁོང་གི་ཁྱིམ་ལྟག་ལས་ ནགས་ཚལ་རྩ་སྟོང་འབད་མི་ལུ་བརྟེན་ ཆ་རུད་ཐོན་ཐོནམ་བཟུམ་ཅིག་འདུག་ཟེར་ཨིན་པས།
གཡུས་ཚན་གྱི་ ཉེ་འདབས་ལས་ཕར་ རོང་ཆུ་ག་ནི་ཡང་ མེདཔ་ཨིན་པས།
རྐྱེན་ངན་བྱུང་པའི་ ཉིནམ་ལུ་ར་ ཆུ་འཛོམས་རྒེད་འོག་འགོ་དཔོན་ཚུ་གིས་ གནས་སྟངས་དེ་ དབྱེ་ཞིབ་འབད་དེ་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ རྫོང་ཁག་ས་འཇལ་མི་དང་ གྲོས་བསྟུན་འབད་ཐོག་ལས་ རྒེད་འོག་བདག་སྐྱོང་གིས་ ཉམས་རྒུདཔ་དང་ ས་ཆ་བརྗེ་སོར་གྱི་ ལཱ་འབད་དོ་ཡོདཔ་བཞིན་དུ་ སྡོད་ཁྱིམ་དེ་ལུ་ཡང་ ཆུ་རུད་དང་ ས་རུད་ཀྱི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉམས་རྒུདཔ་ལུ་ ཉེན་ཁ་འབྱུང་སྲིད་ནི་ཨིནམ་ལས་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ནི་དང་ གཞན་ཚུ་ལུ་ ཆུ་རུད་དང་ ས་རུད་ཀྱི་ ཉེན་ཁ་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིན་པས།
ད་རེས་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ དབྱེ་ཞིབ་འབད་མ་ཚུགས་པར་ཡོདཔ་ལས་ རྒེད་འོག་འགོ་དཔོན་ཚུ་གིས་ ས་གོ་གཞན་ཚུ་ཡང་ དབྱེ་ཞིབ་འབད་ནིའི་ ལས་རིམ་ཡོདཔ་ཨིན་པས།
ན་ཧིང་ཡང་ གུང་པ་༢ ལུ་ གནོད་སྐྱོན་རྐྱབ་མི་གི་ ས་ཆ་བརྗེ་སོར་གྱི་ གྲོས་འཆར་བཙུགས་མི་དེ་ ད་ལྟོ་ལན་གསལ་ལུ་ བསྒུགས་ཏེ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ རྒེད་འོག་བདག་སྐྱོང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་གནས་ ཏོསི་རེ་ཆུ་ལུ་ཡང་ ཆུ་རུད་ཐོན་ཡོདཔ་ཨིན་པས།
ད་རེས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ བསུབས་ཏེ་ཡོདཔ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགས་པར་ཡོདཔ་བཞིན་དུ་ འཁོར་ལམ་ལ་ལོ་ཅིག་ནང་ ལམ་གྱི་ཆ་ཤས་ཚུ་ འཕྱགས་བདའ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།