ལས་འགུལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡༤༥ ཚོད་རྩིས་བཏོན་ཡོདཔ་ཨིན་པས།

༉ ལྷུན་རྩེ་དང་ མོང་སྒར་རྫོང་ཁག་༢ བར་ན་མཚམས་ཅིག་ནང་ཡོད་མི་ མེ་ག་ཝཱཌ་༡,༡༢༥ འབད་མི་ རྡོ་རྗེ་ལུང་གློག་མེ་འཕྲུལ་ཁང་དེ་ སང་ཕོད་ལོ་མཇུག་བསྡུ་ཁམས་ལུ་ བཟོ་སྐྲུན་འབད་ནི་ལུ་ གྲ་སྒྲིག་སོང་ ཡོདཔ་ཨིན་པས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འཁྲིལ་བ་ཅིན་ འཁོར་ལམ་བསལ་ནི་དང་ གློག་མེ་བཀྲམ་སྤེལ་ མི་སྡོད་སར་རྐྱབ་ནི་བརྩིས་ཏེ་ གྲ་སྒྲིག་གི་ལས་སྣ་ཚུ་ སང་ཕོད་ལོ་ཕྱེད་ལས་ འགོ་བཙུགས་ནིའི་ ལས་འཆར་ཡོདཔ་ཨིན་པས།

མེ་ག་ཝཱཊ་༤,༥༠༠ དང་ མེ་ག་ཝཱཊ་༥༠༠ འབད་མི་ ཉི་དྲོད་གློག་མེ་ལས་འགུལ་ གློག་མེ་འཕྲུལ་ཁང་ རྐྱབ་ནིའི་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ ཊ་ཊ་གློག་མེ་ལས་སྡེ་༢ ཀྱི་བར་ན་ གན་ཡིག་གུ་ མཚན་རྟགས་བཀོད་ནུག།

གཙོ་རིམ་ཅན་གྱི་ གློག་མེ་ལས་འགུལ་ཚུ་གི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་དེ་ དང་པ་ཅིག་ཨིནམ་བཞིན་དུ་ གན་ཡིག་འོག་ལུ་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་པས།

རྡོ་རྗེ་ལུང་གློག་མེ་ལས་འགུལ་གྱི་ ཁ་གསལ་བརྟག་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༥ ལུ་འབད་དེ་ འཛམ་གླིང་དངུལ་ཁང་ལས་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༤ རྒྱབ་སྐྱོར་ཐོག་ལུ་ དུས་ཅི་ དུས་མཐུན་འབད་ཡོདཔ་ཨིན་པས།

དུས་མཐུན་འབད་བའི་ ཁ་གསལ་བརྟག་ཞིབ་སྙན་ཞུ་ནང་ རྒྱལ་སྤྱི་ལག་ལེན་དྲག་ཤོས་དང་ འབྲུག་པའི་གློག་མེ་གོང་འཕེལ་ལམ་སྟོན་ དེ་ལས་ འཛམ་གླིང་དངུལ་ཁང་གི་ ཉེན་སྲུང་དགོས་མཁོ་ཚུ་ ཚུད་དེ་ཡོདཔ་ཨིན་པས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མཉམ་འབྲེལ་ལས་དོན་དང་ དངུལ་འབྲེལ་གཞི་བཀོད་ཀྱི་ གྲོས་སྟོན་འབད་ནི་ཚུ་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།

གློག་མེ་འཕྲུལ་ཁང་ལས་ གློག་མེ་ཕྱིར་བཏོན་འབད་ནི་གི་ གློག་མེ་བཀྲམ་སྤེལ་གཞི་རྟེན་བརྩིས་ཏེ་ གློག་མེ་ལས་འགུལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡༤༥ ཚོད་རྩིས་བཏོན་ཡོདཔ་ཨིན་པས།

དངུལ་འབྲེལ་ཐབས་ལམ་གཞི་བཀོད་ཀྱི་ བུ་ལོན་དང་ བདོག་གཏད་ཀྱི་དཔྱ་ཚད་༧༠ དང་༣༠ སྦེ་ བཞག་ཡོདཔ་བཞིན་དུ་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ འཛམ་གླིང་དངུལ་ཁང་གིས་ དངུལ་འབྲེལ་གཞི་བཀོད་ལུ་ འགན་འཁྲི་གཙོ་བོ་སྦེ་ འབག་སྟེ་ཡོདཔ་ཨིན་པས།

ས་ཆ་གི་གནང་བ་དང་ རང་བཞིན་གནས་སྟངས་ཕན་གནོད་དབྱེ་ཞིབ་ དེ་ལས་ མི་སྡེ་གནང་བ་ལེན་ནི་ཚུ་ བྱ་སྒོ་སྒྲིག་པའི་བསྒང་ཡོདཔ་ཨིན་པས།

འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ འཁྲིལ་བ་ཅིན་ གློག་མེ་ལས་འགུལ་ལུ་ གཞུང་དང་ མི་སྡེ་ལས་ རྒྱབ་སྐྱོར་སྦོམ་སྦེ་ར་ ཐོབ་སྟེ་ཡོད་ཟེར་ཨིན་པས།

རྡོ་རྗེ་ལུང་གློག་མེ་ལས་འགུལ་དེ་ འབྲུག་གི་གློག་མེ་འོས་འབབ་ ལྷན་ཐབས་འབད་ནི་དང་ ནང་འཁོད་ དེ་ལས་ ཕྱིར་ཚོང་འཐབ་ནི་ལུ་ ཕན་འདེབས་འབད་ཚུགས་པའི་ ཆ་ཤས་ལས་རིམ་ཅིག་ཨིན་པས།

རྡོ་རྗེ་ལུང་གློག་མེ་ལས་འགུལ་ ཁ་སྐོང་ལུ་ ཊ་ཊ་གློག་མེ་ལས་སྡེ་གིས་ མེ་ག་ཝཱཊ་༧༤༠ འབད་མི་ གོང་རི་ཆུ་རྫིང་དང་ མེ་ག་ཝཱཊ་༡,༨༠༠ འབད་མི་ ཇི་རི་ཆུ་བདའ་མཛོད་ཁང་ དེ་ལས་ མེ་ག་ཝཱཊ་༣༦༤ འབད་མི་ ལྕམ་མཁར་ཆུ་ལས་འགུལ་༥ རྐྱབ་ནི་ཚུ་ནང་ མཉམ་འབྲེལ་འབད་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement