༉ ད་རེས་ མེ་ག་ཝཱཊ་༣༢ འབད་མི་ ཡུང་གི་ཆུ་གློག་མེ་ལས་འགུལ་གྱི་ལཱ་ བརྒྱ་ཆ་༧༡ མཇུག་བསྡུ་ཡོདཔ་ལས་ སང་ཕོད་ སྤྱི་ཟླ་༩ པའི་ནང་ལས་ གློག་ཤུགས་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནིའི་ ལས་རིམ་ཡོདཔ་ཨིན་པས།
ལས་འགུལ་དེ་ ལྷུན་རྩེ་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ ཡན་ལག་ལས་སྡེ་ འབྲུག་གློག་མེ་ནུས་ཤུགས་ཚད་འཛིན་གྱིས་ རྐྱབ་དོ་ཡོདཔ་ཨིན་པས།
ཆུ་ཁ་བསྒྱུར་གཏང་ནིའི་ཆ་ཤས་ ཆུ་འཛུལ་སའི་གཞི་བཀོད་དང་ ཕི་ཌར་ཆུ་འོག་ལམ་གཙོ་ཅན་ དེ་ལས་ ཌི་སིལ་ཊི་ཅཱམ་བར་ ཀམ་པེ་ལསི་གི་ ལཱ་བརྒྱ་ཆ་༨༣ ལྷགཔ་ཅིག་ མཇུག་བསྡུ་ཡོདཔ་ཨིན་པས།
ཧེཊ་རེསི་ས་འོག་ལམ་(ཨེཆ་ཨར་ཊི་) བཟོ་སྐྲུན་གྱི་ལཱ་ བརྒྱ་ཆ་༧༤.༧༩ མཇུག་བསྡུ་ཡོདཔ་ད་ གློག་མེ་ཁང་ བརྒྱ་ཆ་༥༨.༣༨ དང་ རྒྱུན་ཐག་བཀྲམ་སྤེལ་གྱི་ལཱ་ བརྒྱ་ཆ་༩༣ མཇུག་བསྡུ་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ཅིག་གིས་ སླབ་མིའི་ནང་ ཆུ་རུད་དང་ སྡོད་གནས་ དེ་ལས་ ཅ་ཆས་མ་ལང་པའི་ དཀའ་ངལ་བྱུང་ཡོད་རུང་ ལས་འགུལ་དེ་ དུས་ཚོད་ཁར་ རྐྱབ་ཚུགས་ནི་ལུ་ རེ་བ་བསྐྱེད་དེ་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༧ པའི་ནང་ ཆུ་རུད་ཐོན་ཏེ་ མི་༢༣ ལུ་ ཤི་རྐྱེན་དང་ གློག་མེ་ལས་འགུལ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ད་ ལཱ་གཙོ་ཅན་ཚུ་ བདེ་སྲུངཔ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ རྐྱབ་དོ་ཡོདཔ་ཨིན་པས།
འབྲུག་གློག་མེ་ནུས་ཤུགས་ཚད་འཛིན་གྱིས་ ལས་འགུལ་གྱི་གནས་སྟངས་ནང་ བཞག་ནི་གི་ ངེས་བརྟན་བཟོ་ཐབས་ལུ་ རིག་གསརཔ་བཟོ་སྐྲུན་ལས་སྡེ་ལུ་ བྱིན་ཡོདཔ་ཨིན་པས།
ཀུར་རི་-གོང་རི་ཟམ་ རམ་སོང་མི་དང་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ འབག་ནི་ལུ་ ཐད་ཀར་ལམ་མེདཔ་ལས་ དེ་གིས་ཡང་ ལས་འགུལ་གྱི་ ལཱ་འབད་ནི་ལུ་ གདོང་ལེན་བྱུང་ ཡོདཔ་ཨིན་པས།
ཟམ་མེདཔ་ལས་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ བསམ་གྲུབ་ལྗོངས་མཁར་ལས་བརྒྱུད་དེ་ འོང་དགོཔ་བྱུངམ་མས་ཟེར་ ལས་འགུལ་གྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་ཞིང་ལམ་ ལེགས་ཤོམ་མེད་མི་དང་ གདུང་བསམ་རྩི་ས་འཕྲུལ་ཁང་དེ་ འཕྲལ་འཕྲལ་ར་ མེདཔ་ཐལ་མི་དེ་གིས་ ལྷག་པར་དུ་ ཅ་ཆས་མ་ལང་མི་ལུ་ ལྷན་ཐབས་འབད་བའི་ གནད་དོན་ཚུ་བྱུང་ཡོད་རུང་ ལས་འགུལ་གྱི་ལཱ་ཚུ་ གནས་སྟངས་ལེགས་ཤོམ་ནང་ར་ཡོད་ཟེར་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་འགུལ་ནང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༣.༦༦ ཚོད་བརྩིས་བཏོན་མི་ལས་ ད་རེས་ དངུལ་ཀྲམ་ཐེར་འབུམ་༡.༧༤༥ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
ས་དང་ ས་འཛུལ་བའི་གདོང་ལེན་ཚུ་བྱུང་ཡོད་རུང་ སྤྱི་ལོ་༢༠༢༤ ཟླ་༩ པའི་ནང་ ཨེཆ་ཨར་ཊི་གི་ ལཱ་ཚུ་ འབད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ ཨོ་རི་ཕསི་ ལའི་ནརསི་དང་ ཕེ་རུལསི་ དེ་ལས་ རྒྱལ་སྒོ་བརྩིས་ཏེ་ གློག་མེ་འཕྲུལ་ཆས་ཀྱི་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ལས་འགུལ་གྱི་ སྤུས་ཚད་བརྟག་དཔྱད་དང་ ལྟ་རྟོག་འབད་ནིའི་དོན་ལུ་ ཉམས་མྱོང་ཡོད་མི་ རིག་རྩལ་ཅན་གྱི་ མཁས་མཆོག་ཚུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
ཞི་བའི་ཁག་འབགཔ་གིས་ དམིགས་བསལ་ ཞི་བའི་ལཱ་གི་ སྤུས་ཚད་ལྟ་རྟོག་འབད་ནིའི་དོན་ལུ་ ས་ཁོངས་ནང་ བརྟག་དཔྱད་ཁང་ཅིག་ གཞི་ཙུགས་འབད་དེ་ཡོདཔ་ད་ སྤུས་ཚད་ཁས་ལེན་བརྟག་དཔྱད་ལུ་ལྷན་ཐབས་དང་ གློག་མེ་ལས་འགུལ་གྱི་ལས་འགུལ་ཚུ་གི་དོན་ལུ་ ལྟ་རྟོག་དགོས་མཁོ་གི་དོན་ལུ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཆུ་ཁ་དར་ལ་ རིན་ཆེན་རྩེ་ལུ་ གློག་མེ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་ཅིག་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།

ལས་འགུལ་གྱི་ས་ཁོངས་ནང་ ཉེན་སྲུང་ཐབས་ལམ།
སྤྱི་ལོ་༢༠༢༣ ཟླ་༧ པའི་ནང་ ཡུན་གི་ཆུ་གི་ ལས་འགུལ་ས་ཁོངས་ནང་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན་པས།
མ་གཞི་ ལས་འགུལ་གྱི་ས་ཁོངས་དེ་ ཆུ་རུད་ཐོན་ནི་གི་ཉེན་ཁ་ཡོད་པའི་ ས་གོ་ནང་མེད་རུང་ ཆུ་རུད་ཐོན་མི་ལུ་བརྟེན་ ཆུ་སྟོད་ཁ་ཐུག་ལུ་ ལྟ་རྟོག་གི་ལྟེ་བ་ཅིག་ གཞི་བཙུགས་འབད་དེ་ཡོདཔ་ཨིན།
ལྟེ་བ་དེ་ མི་ངོམ་༢ ཀྱིས་ སྤྱི་ཟླ་༦ པ་ལས་༩ ཚུན་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་སྟོད་ལུ་ ཉེན་བརྡ་གི་ འཕྲུལ་ཆས་ཚུ་ བཙུགས་པའི་བསྒང་ཡོད་པའི་ཁར་ ཆུ་རུད་བཀག་ཐབས་ལུ་ གློག་མེ་ཁང་གི་ས་ཁོངས་ནང་ རྩིདཔ་ཚུ་ཡང་ རྐྱབ་སྟེ་ཡོད་ཟེར་ཨིན་པས།

གློག་མེ་ལས་འགུལ་ཆུང་བ་གཞན།
མེ་ག་ཝཱཊ་༡༨ འབད་མི་ སོ་ཆུ་གློག་མེ་ལས་འགུལ་གྱི་ལཱ་ བརྒྱ་ཆ་༩༥.༡ མཇུག་བསྡུ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༥ ཟླ་༢ པའི་ནང་ གློག་མེ་ཐོན་སྐྱེད་འབད་ནིའི་ ལས་རིམ་ཡོདཔ་ཨིན་པས།
མེ་ག་ཝཱཊ་༥༤ འབད་མི་ བུར་ག་ཆུ་གློག་མེ་ལས་འགུལ་འབད་ཅིན་ བརྒྱ་ཆ་༦༧.༥ མཇུག་བསྡུ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༥ ཟླ་༨ པའི་ནང་ གློག་མེ་ཐོན་སྐྱེད་འབད་ནིའི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement