༉ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་ལུ་བརྟེན་ ནགས་ཚལ་སྐྱེ་ལྡན་རིགས་སྣ་ཚུ་ འཇིགས་སྣང་ཐོག་ ཡར་སེང་འགྱོ་དོ་ཡོད་རུང་ སའི་ཆགས་ཚུལ་ནང་ ཉམས་སྲུང་གནས་སྟངས་མཐོ་ཤོས་ཟེར་བའི་ ལས་འགུལ་གྱིས་ སྐྱེ་ལྡན་རིགས་སྣའི་སྲུང་སྐྱོབ་དང་ མི་སྡེའི་རྒྱབ་སྐྱོར་ཚུ་ བཟོ་དོ་ཡོད་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཏེ་ ལོ་༨ ཀྱི་རིང་ལུ་ ལག་ལེན་འཐབ་མི་ལས་འགུལ་དེ་ འབྲུག་འཛམ་གླིང་རི་དྭགས་མ་དངུལ་དང་ ཏཱ་ར་ཡ་ན་གཞི་ཚོགས་ དེ་ལས་ གཞུང་མཉམ་ཚུ་ འབྲེལ་ཐོག་ལས་འབད་ཡོདཔ་ཨིན་པས།
ལྷོ་ནུབ་རྫོང་ཁག་༩ ནང་ སྲུང་སྐྱོབ་ཅན་གྱི་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་༩,༩༦༧.༤༥ འབད་མིའི་གྲངས་སུ་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་ཡོདཔ་ད་ དེ་གི་དམིགས་ཡུལ་དེ་ སྐྱེ་ལྡན་རིགས་སྣའི་གནད་འགག་ཅན་གྱི་ ས་ཁོངས་ཚུ་ཨིནམ་ད་ དམིགས་བསལ་གྱི་ རི་དྭགས་སེམས་ཅན་གྱི་ ས་ཁོངས་ཚུ་ནང་ཡོདཔ་སྦེ་ཨིན་པས།
ལུང་ཕྱོགས་དེ་ཚུ་ནང་ གོང་འཕེལ་དང་ གནམ་གཤིས་འགྱུར་བགྲོད་ མི་དང་ རི་དྭགས་སེམས་ཅན་བྲེལ་ཟིང་ཚུ་ལུ་བརྟེན་པའི་ གཅན་གཟན་སྟག་དང་ གླངམོ་ཆེ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་སྦེ་ཨིན་པས།
ལས་འགུལ་གྱི་ ལོ་བསྟར་སྙན་ཞུ་ སྤྱི་ལོ་༢༠༢༣ ལུ་ གཙོ་རིམ་ཅན་གྱི་མཐར་འཁྱོལ་དེ་ ས་ཁོངས་ཚུ་ནང་ དོ་འགྲན་སྦོམ་ར་བྱུང་ཡོད་མི་ཚུ་ གསལ་སྟོན་འབད་ཡོདཔ་སྦེ་ཨིན་པས།
ན་ཧིང་གི་ལོ་ལུ་ ལས་དོན་སྦོམ་ཤོས་ར་ སྤྱི་ལོ་༢༠༢༣ གྱི་ རྒྱལ་ཡོངས་ས་ཆ་ལག་ལེན་གཞི་བརྟེན་སྙན་ཞུ་ཚུ་གི་སྐོར་ལས་ ཡོདཔ་སྦེ་ཨིན་པས།
ནགས་ཚལ་ལས་ཁུངས་དང་ གླིང་ཀ་ཞབས་ཏོག་གིས་ དབྱེ་ཞིབ་གྲུབ་འབྲས་ཚུ་ ཆ་འཇོག་འབད་བའི་ཁར་ འདི་དང་འབྲེལ་ རྒྱལ་ཡོང་ས་ཆ་ལྷན་ཚོགས་ཡིག་ཚང་དང་ རྒྱལ་ཡོངས་ས་ཆ་རིམ་ལུགས་ཚུ་ ཚུད་དེ་ཡོདཔ་ཨིན་པས།
གནས་གོང་ཆེ་རིམ་ས་ཁོངས་ནང་ གལ་གནད་ཆེ་བའི་མཐའ་འཁོར་གནས་སྟངས་ མི་སྡེ་དང་ ཡང་ན་ ལམ་སྲོལ་ཚུ་ཡོདཔ་བཞིན་དུ་ ས་ཁོངས་དེ་ཚུ་ སྐྱེ་ལྡན་གནས་སྟངས་སྲུང་སྐྱོབ་དང་ ཉམས་ཉེན་ཅན་གྱི་སྲོག་ཆག་ དེ་ལས་ རྒྱབ་སྐྱོར་འབད་མིའི་ མི་སྡེ་ཚུ་ གལ་གནད་ཅན་གྱི་ཐོག་ལུ་ ཡོདཔ་ཨིན་པས།
ལས་འགུལ་ནང་ ཆེ་རིམ་གནས་གལ་ཅན་ས་ཁོངས་དགུ་ གཞི་བཙུགས་དང་ འཛིན་སྐྱོང་ སྐྱེ་དངོས་ སྐྱེ་ལྡན་ མི་སྡེ་ ལམ་སྲོལ་ཉམས་སྲུང་ཡུན་རིང་གི་དོན་ལུ་ འབད་ནི་ཚུ་ཨིནམ་ད་ ལས་འགུལ་གྱིས་ མི་སྡེའི་མི་ཚེའི་གནས་སྟངས་ ཡར་དྲག་བཟོ་དོན་ལུ་ གཙོ་རིམ་ཅན་གྱི་དོན་ཚན་ཚུ་ མི་དང་རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དང་ ཆུའི་དཀའ་ངལ་ཡོད་མི་ཚུ་ལུ་ དོ་འགྲན་ཡོད་པའི་གསལ་སྟོན་འབད་ཡོདཔ་ད་ ཡུན་བརྟན་ས་ཆ་འཛིན་སྐྱོང་དང་ ཁྱིམ་གུང་གི་འོང་འབབ་ཡར་སེང་ལས་འགུལ་ཚུ་ སྙན་ཞུའི་ནང་ འཁོད་དེ་ཡོདཔ་ཨིན་པས།
ཉམས་སྲུང་འབད་བརྩོན་རྒྱ་སྐྱེད་དོན་ལུ་ ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༢༥.༣༥ དེ་ཅིག་གནས་པའི་ཅ་ཆས་ཚུ་ ས་ཁོངས་ནང་ དགོས་མཁོ་ཅན་གྱི་རིགས་ག་ར་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ལས་འབྲེལ་འགོ་དཔོན་༢༣༠ ལྷགཔ་ཅིག་གིས་ སྦྱོང་བརྡར་ཚུ་ཐོབ་ཡོདཔ་ད་ དེ་ཡང་ འཕྲུལ་རིག་ ཌོན་ལག་ལེན་འཐབ་ཐངས་དང་ སྐྱེ་ལྡན་ཞིབ་འཇུག་ གནམ་གཤིས་གནས་སྟངས་འགྱུར་བགྲོད་ཚུ་གི་སྐོར་ལས་ ཚུད་དེ་ཡོདཔ་ཨིན་པས།
སྐྱེ་ལྡན་ལྟ་བཤལ་གྱི་ མཐུན་རྐྱེན་ཚུ་ཡང་ ནགས་ཚལ་སྡེ་ཚན་ཡིག་ཚང་༥ ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཚུ་ཡང་ སྐྱེ་ལྡན་གྱི་ལམ་ སྒར་བཅག་སའི་ས་ཁོངས་ ལྟ་བཤལ་ལྟེ་བ་ཚུ་བཟོ་མི་གིས་ མི་སྡེའི་འཐུས་མི་༢༡,༧༤༠ ལུ་ ཁེ་ཕན་བྱུང་ཡོདཔ་ད་ གཞལམ་སྒང་ བར་མོ་སྐྱེ་ལྡན་ལྡུམ་ར་ཚུ་ཡང་ ལེགས་བཅོས་འབད་ཡོདཔ་ཨིན་པས།
སྐྱེ་ལྡན་དབྱེ་ཞིབ་སྙན་ཞུ་འགོ་དང་པ་དེ་ སྤ་རོ་ནགས་ཚལ་སྡེ་ཚན་ཡིག་ཚང་གིས་ པར་སྐྲུན་འབད་ཡོདཔ་ད་ དེ་ནང་ ཤིང་རིགས་སྣ་ཚོགས་༣༣༣ སྲོག་ཆག་༣༠ དེ་ལས་ བྱ་རིགས་༢༡༢ ཚུ་ཚུད་དེ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།