༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༤ དང་འཁྲིལཝ་ད་ འདས་པའི་ལོ་༥ འི་རིང་ སོ་ནམ་གྱིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་འདེབས་འབད་མི་དེ་ ཡར་སེང་སོང་སྟེ་ཡོད་རུང་ ལས་སྡེ་དེ་ནང་ ལཱ་གཡོག་མར་བབས་སོང་ཡོདཔ་སྦེ་ཨིན་པས།
ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་འདེབས་འབད་མི་དེ་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༡༣.༦ འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༡༤.༧ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
འདི་བཟུམ་མའི་ ཡར་འཕར་སོང་སྟེ་འབད་རུང་ སོ་ནམ་ལས་སྡེའི་ནང་ ལཱ་གཡོག་ཐད་ཁར་ སྤྱི་ལོ་༢༠༡༨ ལུ་ བརྒྱ་ཆ་༥༤ འབད་མི་དེ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༤༣.༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྙན་ཞུའི་ནང་ ལས་སྡེ་ནང་འཁོད་ལུ་ ལུང་ཕྱོགས་དང་ ཕོ་མོའི་ཁྱད་པར་ལུ་ གཙོ་བོར་བཏོན་ཏེ་ཡོདཔ་ཨིན་པས།
སོ་ནམ་ལས་སྡེ་དེ་ གྲོང་གསེབ་ཀྱི་ས་ཁོངས་ཚུ་ནང་ ལཱ་གཡོག་གི་ཐོན་ཁུངས་ངོ་མ་ཅིག་ཨིནམ་ལས་ མི་སྟོབས་བརྒྱ་ཆ་༦༤.༩ ཞིང་ལཱ་ཚུ་ནང་ གྲལ་གཏོགས་འབད་དེ་ཡོདཔ་ཨིན་པས།
སོ་ནམ་གྱི་ལཱ་ནང་ ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མངམ་གིས་ བཅའ་མར་གཏོགས་ཏེ་ཡོདཔ་ད་ དེ་ཡང་ ཕོ་སྐྱེས་བརྒྱ་ཆ་༣༧.༣ དང་ཕྱདཔ་ད་ ཨམ་སྲུ་བརྒྱ་ཆ་༥༢.༣ ཡོདཔ་ཨིན་པས།
གྲོང་གསེབ་ཨམ་སྲུའི་ནང་འཁོད་ལུ་ བརྒྱ་ཆ་༧༤.༣ གྱིས་ སོ་ནམ་གྱི་ལཱ་ནང་ གྲལ་གཏོགས་འབད་དེ་ཡོདཔ་བཞིན་དུ་ ཁྲོམ་སྡེའི་ཨམ་སྲུ་ བརྒྱ་ཆ་༢.༢ རྐྱངམ་གཅིག་གིས་ ཞིང་ནང་ལཱ་འབད་དོ་ཡོདཔ་སྦེ་ཨིན་པས།
འདི་དང་རྒྱབ་འགལ་བལྟ་བ་ཅིན་ ཁྲོམ་སྡེ་ནང་གི་ལཱ་གཡོག་ཚུ་ ཞབས་ཏོག་ལས་སྡེ་གིས་ དབང་ལུ་བསྡུ་སྟེ་ཡོདཔ་ལས་ ཁྲོམ་སྡེའི་ལས་མི་བརྒྱ་ཆ་༧༨.༦ ལཱ་གཡོག་ནང་ བཙུགས་ཏེ་ཡོདཔ་ཨིན་པས།
སོ་ནམ་ལས་སྡེ་དེ་ ཁག་ཆེ་རུང་ དོ་འགྲན་ཚུ་བྱུང་བཞིན་དུ་ཡོདཔ་ད་ དེ་ཡང་ ལས་སྡེ་གཞན་ཚུ་དང་ཕྱདཔ་ད་ ཐོན་སྐྱེད་ཉུང་སུ་ཅིག་འབད་ནི་དེ་གིས་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ཀྱི་ སྤྱིར་བཏང་ལཱ་གཡོག་གི་ ཐོན་སྐྱེད་ཡོངས་བསྡོམས་དེ་ བརྒྱ་ཆ་༩༨ ཨིནམ་ད་ སོ་ནམ་ཐོན་སྐྱེད་དེ་ བརྒྱ་ཆ་༩༥.༦ ཨིན་པས།
དེ་དང་ཕྱདཔ་ད་ སོ་ནམ་ལས་སྡེ་མེན་པའི་ བཟོ་གྲྭ་དང་ ཞབས་ཏོག་ལ་སོགས་པ་ཚུ་ནང་ ཐོན་སྐྱེད་མཐོ་སུ་སྦེ་ཡོདཔ་ད་ དེ་ཡང་ ཆུ་ལུ་བརྟེན་པའི་ གློག་མེ་ལས་འགུལ་བཟུམ་ཚུ་ནང་ མཁོ་ཆེ་བའི་ཐོན་ཤུགས་ཡོད་མི་ལུ་བརྟེན་ཨིན་པས།
སྙན་ཞུའི་ནང་ སོ་ནམ་ལས་སྡེ་ལས་ ལཱ་གཡོག་ཚུ་ གཞན་ལས་སྡེ་ཚུ་ནང་ སྤོ་བཤུད་འབད་མི་དེ་གིས་ ཐོན་སྐྱེད་ཀྱི་ཁྱད་པར་དེ་ སྤྱི་ལོ་༢༠༡༩ ལུ་ བརྒྱ་ཆ་༧ ཡོད་མི་ལས་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༤.༤ ལུ་ མར་ཕབ་འབད་ནུག་ཟེར་ཨིན་པས།
སོ་ནམ་གྱི་ལཱ་དེ་ ལཱ་གཡོག་ཤུགས་ཅན་ཅིག་ཨིནམ་ལས་ ལཱ་འབད་མི་ཚུ་གིས་ བདུན་ཕྲག་རེ་ནང་ དུས་ཡུན་ཆུ་ཚོད་༥༠དེ་ཅིག་ ལཱ་འབད་དོ་ཡོདཔ་ད་ འབྲུག་གི་ལཱ་གཡོག་དང་ལས་མི་བཅའ་ཁྲིམས་༢༠༠༧ དང་ རྒྱལ་སྤྱིའི་གནས་ཚད་ཀྱི་ཆུ་ཚོད་༤༨ བརྒལ་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཞབས་ཏོག་གི་སྡེ་ཚན་ནང་ དུས་ཡུན་ཆུ་ཚོད་རེ་ལུ་ཐོབ་མི་གླ་ཆ་དེ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་༣༦༡ འབད་མི་དེ་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་༣༣༣ ལུ་ མར་བབས་སོང་ཡོདཔ་ད་ གློག་མེ་མེན་པའི་ བཟོ་གྲྭ་ཚུ་ནང་ དུས་ཡུན་ཆུ་ཚོད་རེ་ལུ་ཐོབ་མི་གླ་ཆ་དེ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་༤༠༩ འབད་མི་དེ་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་༣༤༥ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྙན་ཞུའི་ནང་ རྒྱལ་ཁབ་ཀྱི་ སོ་ནམ་སྡེ་ཚན་དེ་ གནམ་གཤིས་འགྱུར་བགྲོད་དང་ འཐུང་ཆུ་མ་ལང་པའི་དཀའ་ངལ་ རི་དྭགས་སེམས་ཅན་གྱི་བྲེལ་ཟིང་ ས་ཆ་ཁ་གཏོར་མི་ དེ་ལས་ རང་ལུགས་ཀྱི་སོ་ནམ་ཐབས་ལམ་ཚུ་ལུ་ བརྟེན་སྡོད་དོ་ཡོད་པའི་ ཉེན་ཁ་ལེ་ཤ་ཅིག་ལུ་ གདོང་ལེན་འབད་དགོཔ་འདུག་ཟེར་བཀོད་ནུག།
ད་རེས་ སོ་ནམ་མེན་པའི་ ལས་སྡེ་ཚུ་ཡང་ ཁྱད་རིག་ཅན་གྱི་ལཱ་འབད་མི་ མངམ་མེདཔ་ལས་ སོ་ནམ་གྱི་ལས་མི་ ལེན་ནིའི་ལྕོགས་གྲུབ་མེད་པར་ ལུས་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།