༉ སོ་ནམ་དང་ སྒོ་ནོར་སྡེ་ཚན་ནང་ རྒྱལ་ཡོངས་མི་རློབས་ཚོད་རྩིས་ཐོག་ བརྒྱ་ཆ་༤༣.༥ ཡོད་མི་དེ་ གནམ་གཤིས་འགྱུར་བགྲོད་དང་ གནོད་ཉེན་ཅན་ནང་ ཉེན་འཚུབས་ཆེ་བའི་གནད་དོན་ཅིག་སྦེ་ ཡོདཔ་ཨིན་པས།
གནམ་གཤིས་ལུ་བརྟེན་ ལོ་ཐོག་གི་འབུབ་དང་ ནད་གཞི་ ཚོད་བསྲེའི་འགྱུར་བ་ སྐྱེ་ལྡན་གྱི་ གནོད་ཉེན་ཡོད་མི་ཚུ་གི་སྐོར་ལས་ སྤ་རོ་ལུ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༦ ལས་༨ ཚུན་ ཉིནམ་༣ གྱི་རིང་ གོ་བསྡུར་ཞལ་འཛོམས་འཚོགས་པའི་སྐབས་ལུ་ གསར་བཏོན་འབད་ཡོདཔ་ཨིན་པས།
གཞུང་གི་ངོ་ཚབ་དང་ ལས་ཁུངས་ཁག་ཚུ་ནང་ལས་ ཞིབ་འཚོལ་དང་ ཤེས་ཡོན་ མི་སྡེ་ལས་ཚོགས་ བཅའ་མར་གཏོགས་མི་༤༠ དེ་ཅིག་ཡོདཔ་ད་ གོ་བསྡུར་ཞལ་འཛོམས་དེ་ སྒོ་ནོར་ལས་ཁུངས་དང་ འབྲུག་ཟ་སྤྱོད་དང་ སོ་ནམ་ལས་ཚོགས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ས་ཞིང་ཐོག་ལུ་ ལཱ་འབད་མི་བརྒྱ་ཆ་༢.༧༥ ཡོད་མི་ཚུ་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༡༤.༦༧ དེ་ཅིག་ ལཱ་འབད་ཡོད་མི་དེ་ སྤྱི་ལོ་༡༩༩༢ ལུ་ བརྒྱ་ཆ་༣༨ དང་ཕྱདཔ་ད་ མར་བབས་སོང་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ གཙུག་སྡེའི་རིམ་སྒྲིག་དང་ སྲིད་དོན་ དུས་མཐུན་གནས་ཐོ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་བའི་ཁར་ ཡུན་རིང་གི་གདོང་ལེན་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ ཡངས་ཆག་དང་ གནས་ཚད་མཐུན་འགྱུར་ལག་ལེན་གྱི་ གོ་སྐབས་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡོདཔ་ད་ ལཱ་འབད་མི་ཚུ་གི་དོན་ལུ་ དགོས་མཁོ་ལྡན་པའི་ གནམ་གཤིས་དངུལ་འབྲེལ་གྱི་གོ་སྐབས་དང་ ལྕོགས་གྲུབ་གོང་འཕེལ་ཚུ་ཡང་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
སྒོ་ནོར་སྡེ་ཚན་གྱིས་ དུག་རྫས་རླུང་མ་མཐོ་ཤོས་དང་ ནོར་དང་ ལུག་ ར་ཚུ་གི་ ཨ་བ་ནང་ལས་ཐོན་མི་ བཙོག་རླུང་མི་ཐེན་དེ་གིས་ དམིགས་བསལ་གྱི་ མཐའ་འཁོར་གནས་སྟངས་ལུ་ འཇིགས་སྣང་ཚུ་ བྱུང་སྟེ་ཡོདཔ་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ མདོ་ཆེན་བཀྲིས་དབྱངས་འཛོམས་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལ་ཁབ་དེ་ བཙོག་རླུང་གི་གང་བའི་ རྒྱལ་ཁབ་ཅིག་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་ གནོད་ཉེན་ཚུ་ སྦོམ་ར་ཡོད་ཟེར་ཨིན་པས།
བཙོག་རླུང་ཚུ་ ཚད་འཛིན་འབད་ནི་ལུ་ གནམ་གཤིས་འགྱུར་བགྲོད་ནང་ ཐབས་བྱུས་གཙོ་བོ་ཅིག་ཨིནམ་བཞིན་དུ་ འབྲུག་སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཀྱིས་ ཟ་སྤྱྲོད་ཉེན་སྲུང་དང་ དབུལ་ཕོངས་མར་ཕབ་ཀྱི་གནད་དོན་ནང་ འགན་ཁུར་ཐེབས་ཅིག་ར་ འབག་སྟེ་ལཱ་འབདཝ་ཨིན་ཟེར་ཨིན་པས།
འབྲུག་སོ་ནམ་ལས་ཚོགས་ཀྱི་འཐུས་མི་ ཕྱག་རྡོར་བསྟན་འཛིན་གྱིས་ བཤད་མིའི་ནང་ འབྲེལ་བ་ཅན་གྱི་ལས་ཚབ་ཚུ་དང་ འབྲེལ་གཏུགས་འབད་དེ་ བར་འབྲེལ་བ་ཚུ་ ལག་ལེན་ཚུལ་བཞིན་ཐབས་ཐོག་ལས་ ལོ་ལྔའི་འཆར་གཞི་༡༣ པའི་ དམིགས་ཡུལ་ འགྲུབ་ནི་ཚུ་ཡོདཔ་ཨིན་པས།
ལྷན་ཁག་གིས་ སྤྱི་ལོ་༢༠༢༢ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ དངུལ་ཀྲམ་ཐེར་འབུམ་༢༧ ལས་ སྤྱི་ལོ་༢༠༢༩ ལུ་ དངུལ་ཀྲམ་ཐེར་འབུམ་༥༠ གྱི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་གིས་སྦེ་སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ བཟོ་སྦྱོར་ ཚོང་འབྲེལ་ཚུ་ རིན་ཐང་ཆེ་བའི་ཐོག་ལས་ མཐར་འཁྱོལ་ཅན་བཟོ་ནི་དེ་ཨིན་ཟེར་ཨིན་པས།
སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་ འཆར་གཞི་དང་ སྲིད་དོན་འགོ་དཔོན་ ལེགས་སྐྱིད་ཆོས་གྲགས་ཀྱིས་ བཤད་མིའི་ནང་ ཟ་སྤྱོད་དང་ བཅུད་ལྡན་ཉེན་སྲུང་སྲིད་བྱུས་༢༠༢༣ གྱི་ སྒྲིག་གཞི་ནང་ གནམ་གཤིས་འགྱུར་བགྲོད་ཀྱིས་ འབྲུག་སོ་ནམ་དང་ སྒོ་ནོར་སྡེ་ཚན་ལུ་ གནོད་ཉེན་གྱི་ཚད་སྙོམས་ བཟོ་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྲིད་བྱུས་དེ་གིས་ སོ་ནམ་རྐྱེན་ངན་ཟློག་ཤུགས་དང་ ཉེན་སྲུང་འཛིན་སྐྱོང་ གནམ་གཤིས་དང་འབྲེལ་བའི་སོ་ནམ་ཚུ་ནང་ འབྲེལ་བ་ཡོད་ཟེར་ཨིན་པས།
མི་དང་ རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དང་ སོ་ནམ་འབྲེལ་མཐུན་ཞབས་ཏོག་ འཕྲུལ་རིག་ལུ་བརྟེན་པའི་ གནམ་གཤིས་འགྱུར་བགྲོད་ གསར་སྒྲུབ་ ནོར་གྱི་ཨ་བ་ལས་ཐོན་པའི་བཙོག་རླུང་ ཆུ་གཡུར་ ཆུའི་འཛིན་སྐྱོང་ལ་སོགས་པ་ཚུ་ སོ་ནམ་དང་ སྒོ་ནོར་གྱི་གནད་དོན་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ ཚད་སྙོམས་དང་ འབྲེལ་མཐུན་བཟོ་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ས་གནས་ཁག་སོ་སོ་གི་ ཁྱད་རིག་ཅན་ཚུ་གིས་ སྒོ་ནོར་སེམས་ཅན་ ནོར་ལེགས་ཤོམ་ཡོད་པའི་རིགས་ཚུ་ ཡར་སེང་འབད་ཐོག་ལས་ སྤྱིར་བཏང་སྒོ་ནོར་སེམས་ཅན་གྱི་ གྱངས་ཁ་མར་ཕབ་འབད་དེ་ བཙོག་རླུང་མར་ཕབ་འབད་ནིའི་ ཐབས་ལམ་བཏོན་དགོ་ཟེར་ཨིན་པས།
ལས་འགུལ་དེ་ སྒོ་ནོར་ལས་ཁུངས་ཀྱི་ལག་ལེན་ཐོག་ འབྲུག་གི་གནམ་གཤིས་འགྱུར་བགྲོད་ཀྱི་ དམིགས་ཡུལ་དང་ ཆ་མཐུན་བཟོ་ནི་དེ་ཡང་ པེ་རིས་གི་གན་ཡིག་ཐོག་ལུ་ རྒྱལ་ཁབ་ཀྱི་ མཐའ་འཁོར་གནས་སྟངས་དང་ སོ་ནམ་པ་ཚུ་ལུ་ ཡུན་བརྟན་གྱི་ རྒྱབ་སྐྱོར་འབད་ནི་ཨིན་མི་ལུ་ ངོས་ལེན་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement