༉ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་ལས་ སོ་ནམ་པ་ སྐྱེས་ལོ་༣༧ ལང་མི་ ཀརྨ་རྣམ་རྒྱལ་དེ་ གནམ་གཤིས་འགྱུར་བགྲོད་ སོ་ནམ་འཕྲུལ་རིག་གི་ ཐབས་ལམ་ཟེར་བའི་ སྦྱོང་བརྡར་ལས་རིམ་ ཉིནམ་༣ འབད་མིའི་ནང་ བཅའ་མར་གཏོགས་མི་༡༦ ཡོད་པའི་གྲས་ལས་ ཅིག་ཨིནམ་ད་ སྦྱོར་བརྡར་ལས་རིམ་དེ་ཡང་ དབང་འདུས་བ་འཇོ་ཐང་ སོ་ནམ་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སྦྱོང་བརྡར་འབད་དགོ་པའི་དམིགས་དོན་དེ་ སོ་ནམ་པ་དང་ ས་ཁོངས་ནང་ ལཱ་འབད་མི་ལས་བྱེད་འགོ་དཔོན་ཚུ་ལུ་ སྦྱང་བ་ཚུད་ཐབས་དང་ འོང་འབབ་ཡུན་བརྟན་བཟོ་དོན་ལུ་ཨིན་པས།

སྦྱོང་བརྡར་གྱི་གཞི་ཁུངས་དེ་ར་ བཅའ་མར་གཏོགས་མི་ཚུ་ལུ་ གནམ་གཤིས་འགྱུར་བགྲོད་ འཕྲུལ་རིག་དང་འབྲེལ་བའི་ རིག་རྩལ་དང་ ཤེས་ཡོན་ཚུ་ ཡར་དྲག་བཏང་སྟེ་ རང་སོའི་ལུང་ཕྱོགས་ཚུ་ནང་ སོ་ནམ་ཡུན་བརྟན་ལག་ལེན་ རྒྱ་སྐྱེད་འབད་ཐབས་ལུ་ཨིན་པས།

སྦྱོང་བརྡར་ལས་རིམ་དེ་ ཡུ་རོ་པེན་ཡུ་ནི་ཨོན་ འཕྲུལ་རིག་ལས་རོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་བཞིན་དུ་ སྦྱོང་བརྡར་ནང་ ལས་སྡེ་ཁག་སོ་སོ་ཚུ་ནང་ལས་ བཅའ་མར་གཏོགས་བཅུག་པའི་ཁར་ ཏ་ར་ཡ་ན་གཞི་ཚོགས་དང་ བསམ་གྲུབ་ལྗོངས་མཁར་གྱི་ལས་སྡེ་ རྒྱལ་ཁབ་ནང་འཁོད་ཀྱི་སོ་ནམ་པ་ དེ་ལས་ སོ་ནམ་འཕྲུལ་ཆས་ལས་འཛིན་ཚུ་ཡོདཔ་ཨིན་པས།

སྔར་སྲོལ་གྱི་ སོ་ནམ་ལག་ལེན་ནང་ ལོ་ལེ་ཤ་སྦྱང་བ་འབད་མི་ ཀརྨ་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ཁོ་ལུ་ཐོབ་མིའི་ཉམས་མྱོང་དང་འཁྲིལཝ་ད་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ སྦྱོང་བརྡར་ཚུ་འབད་འབདཝ་མེད་པར་ ཐད་ཀར་དུ་ ཕམ་རྒན་ཤོས་ མི་རབས་ལས་བརྒྱུད་དེ་འོང་བའི་ ཤེས་མྱོང་ཐོག་ལུ་ འབད་དེ་སྡོད་ཅི་ཟེར་ཨིན་པས།

ལོ་ཐོག་གི་ནད་འབུབ་ཚུ་གིས་ ཞིང་ཁར་གནོདཔ་རྐྱབ་པའི་སྐབས་སུ་ ང་ལུ་འབད་ཐབས་ག་ནི་ཡང་མེད་པར་ སྡོད་དགོཔ་བྱུང་ཡོདཔ་ད་ ད་རེས་ཀྱི་ སྦྱོང་བརྡར་དེ་གིས་ ཐབས་བྱུས་ཚུ་ག་དེ་སྦེ་བཏོན་ཏེ་ ཐབས་ཤེས་སྒྲིག་དགོཔ་ཨིན་ན་ ང་ལུ་ཡོན་ཏན་ཐོབ་ཅི་ཟེར་ཨིན་པས།

གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ སོ་ནམ་ཉེན་ཅན་གྱི་ ཞིབ་རྟོག་འབད་བའི་ ཐབས་ལམ་དང་བསྟུན་ གནམ་གཤིས་དང་འབྲེལ་བའི་ ནད་འབུབ་ཚུ་གིས་ སོ་ནམ་ལོ་ཐོག་ཚུ་ལུ་ གནོད་པ་རྐྱབ་དོ་ཡོདཔ་སྦེ་ ཧ་གོ་ཡི་ཟེར་ཨིན་པས།

བཅའ་མར་གཏོགས་མི་ཅིག་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ གནོད་པ་སྦོམ་ར་རྐྱབ་ཡོདཔ་ལས་ སྦྱོང་བརྡར་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ ཧ་གོ་བའི་ཁར་ གདོང་ལེན་ཚུ་འབད་ནི་ལུ་ གྲ་སྒྲིག་འབད་ཚུགས་ནི་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ ཐབས་རིག་ཚུ་ ལག་ལེན་འཐབ་མི་གིས་ བཟའ་ཆས་ལང་མི་གིས་ མ་ཚད་པར་ བཟའ་འཐུང་གི་ཉེན་སྲུང་ཡང་ འབད་ཚུགས་ནི་མས་ཟེར་ཨིན་པས།

བ་འཇོ་ཐང་སོ་ནམ་གོང་འཕེལ་ལྟེ་བ་གིས་ ཐབས་བྱུས་གཙོ་རིམ་ཅན་༨ གསལ་སྟོན་འབད་ཡོདཔ་ད་ དེ་ཚུ་གི་གྲས་ཁར་ ལོ་ཐོག་དང་འབྲེལ་བའི་ ཐབས་ལམ་རྣམ་པ་སྣ་ཚོགས་ཚུ་ ཚུད་དེ་ཡོདཔ་ད་ ཐབས་ལམ་དེ་གིས་ ཁེ་ཕན་སྦོམ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།

ཐབས་བྱུས་དེ་ཚུ་ སྦྱོང་བརྡར་གྱི་སྐབས་ལུ་ གསལ་སྟོན་འབད་ཡོདཔ་ད་ དེ་ཡང་ ལག་ལེན་དངོས་བསྟར་དང་ ཡིག་ཐོག་ལས་ ཐབས་ལམ་སྒྲིག་ནི་ཚུ་ག་ར་ དྭངས་གསལ་སྦེ་ གསལ་སྟོན་འབད་ཡོདཔ་ཨིན་པས།

འབྲུག་གིས་ མ་འོངས་པའི་ནང་ སོ་ནམ་ཡུན་བརྟན་བཟོ་ནི་དེ་ཨིནམ་ལས་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཡར་དྲག་བཟོ་ཚུགས་པའི་ རེ་བ་སྦོམ་ར་ཡོདཔ་ཨིན་པས།

སྦྱོང་བརྡར་དེ་ སྤྱི་ཟླ་༩ པའི་ཚེས་༢༤ ལས་འགོ་བཙུགས་ ཚེས་༢༦ ལུ་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement