༉ ཧེ་མ་ ཆུ་ཞིང་དེ་ བཟའ་སྤྱོད་མ་འབད་བར་ སྤང་སྦེ་ལུས་མི་དེ་ ད་རེས་ ཌའི་གཱོན་ཕུ་རུཊ་ཟེར་མི་ ཤིང་འབྲས་ འཛུགས་སྐྱོང་འཐབ་མི་ལུ་བརྟེན་ ལེགས་ཤོམ་སོང་ཡོདཔ་ཨིན་པས།

ཀཝ་ཤི་ཌའི་གཱོན་ཟེར་མི་ ཤིང་འབྲས་འཛུགས་སྐྱོང་འབད་མི་ལྡུམ་ར་དེ་ བསམ་རྩེ་ བཀྲིས་ཆོས་གླིང་ སེངྒེ་གཡུས་ཚན་ནང་ ས་ཆ་ཌི་སི་མལ་༧༠ ནང་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ད་རེས་ ཌའི་གཱོན་ཤིང་འབྲས་ དཀརཔོ་དང་ དམརཔོ་༣,༠༠༠ དེ་ཅིག་ རྡོག་མ་བཏགས་ཏེ་ ཡོདཔ་ཨིན་པས།

སོ་ནམ་འགོ་དཔོན་བགྲེསཔ་ སྐྱེས་ལོ་༦༩ ལང་མི་ ཁ་ར་ནཱན་ད་ཤར་མ་གིས་ མ་གཞི་ གྲུབ་འབྲས་འཐོན་ནི་ལུ་ ངེས་མེད་ཅིག་སྦེ་ སྡོད་ཡོད་རུང་ ཤིང་འབྲས་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༨༣ བཏང་ཐོག་ལས་ སྤྱི་ལོ་༢༠༢༢ ལས་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཌའི་གཱོན་ཤིང་འབྲས་ཀྱི་ལཱ་དེ་ ཟླཝ་༦ འཛུགས་སྐྱོང་འཐབ་ནི་ འགོ་བཙུགས་པའི་ཤུལ་ལུ་ ཤིང་འབྲས་ཀྱི་རྡོག་མ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འོང་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དུས་ཅི་ དངུལ་ཀྲམ་༡༥༠,༠༠༠ གནས་པའི་ ཌཱའི་གཱོན་ཤིང་འབྲས་བཏོགས་ཡོདཔ་ད་ ད་རུང་ དངུལ་ཀྲམ་༢༠༠,༠༠༠ གནས་པའི་ ཤིང་འབྲས་བཏོག་དགོཔ་ཡོདཔ་བཞིན་དུ་ ཐོན་རིམ་དང་པའི་ནང་ ཀེ་ཇི་༩༡ བཏོགས་ཅི་ཟེར་ ཁ་ར་ནཱན་ད་ཤར་མ་གིས་ བཤདཔ་ཨིན་པས།

ཌའི་གཱོན་ཤིང་འབྲས་རྡོག་མ་དམརཔོ་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༠ དང་ དཀརཔོ་འབད་བ་ཅིན་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ད་ ཌའི་གཱོན་ཤིང་འབྲས་དེ་ བཟའ་ཚང་ཚུ་གི་དོན་ལས་ དངུལ་ཐོག་གཙོ་བོ་ཅིག་ཨིན་པས།

ཚོང་ལམ་མེད་པའི་ དཀའ་ངལ་ཐོན་དོ་ཡོདཔ་ད་ ཁ་ར་ ནཱན་ད་ ཤར་མ་གིས་ འཕྲལ་འཕྲལ་ བསམ་རྩེ་ལུ་ ཡིག་ཚང་ཚུ་ནང་སོང་སྟེ་ བཙོང་དོ་ཡོདཔ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཌའི་གཱོན་ཞིང་ནང་འོང་སྟེ་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ཚུ་ནང་ བཀྲམ་སྤེལ་འབད་ནིའི་ འོས་འབབ་ཚུ་ བལྟ་བར་འོང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ འོང་འབབ་ཐོབ་མི་ཚུ་ ལོག་ཞིང་ནང་ ཟད་འགྲོ་བཏང་དོ་ཡོདཔ་ད་ ཌའི་གཱོན་ཤིང་ཚུ་ སྦོམ་འགྱོ་བའི་སྐབས་ ཤིང་འབྲས་ཀྱི་ དུས་ཚོད་ནང་ ཌའི་གཱོན་ཤིང་རེ་གིས་ ཀེ་ཇི་༣༥ དེ་རེ་ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།

ཁ་ར་ནཱན་ད་ཤར་མ་གིས་ ད་རུང་ ས་ཆ་ཌི་སི་མལ་༥༠ དེ་ཅིག་ རྒྱ་སྐྱེད་འབད་ནིའི་དོན་ལས་ ཌའི་གཱོན་ལྕངམ་༢,༠༠༠ འཛུགས་སྐྱོང་འབད་དེ་ཡོདཔ་ད་ ད་རུང་ བཟའ་སྤྱོད་མ་འབད་བར་ལུས་མི་ ས་ཆ་ཨེ་ཀར་༥ གླ་ཁར་ལེན་ནི་ འཆར་གཞི་ཡོདཔ་ད་ ཤིང་འབྲས་ཀྱི་ལྕངམ་ཚུ་ཡང་ ཌའི་གཱོན་ཤིང་འབྲས་དཀརཔོ་ལྕངམ་རེ་ལུ་ དངུལ་ཀྲམ་༢༠ དང་ དམརཔོ་ལུ་དངུལ་ཀྲམ་༥༠ སྦེ་ བཙོང་དོ་ཡོདཔ་ཨིན་པས།

ཁོ་གིས་ མོ་བཏབ་ཀྱི་དོན་ལུ་ ཁོ་རའི་ཁྱིམ་གྱི་མཐའ་འཁོར་ལས་ཕར་ འཛུགས་སྐྱོང་འཐབ་པའི་སྐབས་ མཐར་འཁྱོལ་བྱུང་པའི་ཤུལ་ལུ་ ཚོང་འབྲེལ་གྱི་དོན་ལུ་ འཛུགས་སྐྱོང་འཐབ་ནི་ འགོ་བཙུགས་ཡོདཔ་ད་ ནེ་པཱལ་དང་ རྒྱ་གར་ལུ་ཡོད་པའི་ ཁོ་རའི་ཆ་རོགས་ཚུ་གིས་ གློག་ཐུང་ནང་བཏོན་ཞིནམ་ལས་ ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ ཁ་ར་ནཱན་ད་ཤར་མ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མོང་སྒར་གླིང་མི་ཐང་ལས་ ཌའི་གཱོན་ཤིང་འབྲས་དཀརཔོ་ལྕངམ་༢༡༣ བཙུགས་ནི་འགོ་བཙུགས་ཡོདཔ་ད་ ཤུལ་ལས་ རྒྱ་གར་ར་ཇིསི་ཐཱན་ལས་ ཌའི་གཱོན་ཤིང་འབྲས་དམརཔོ་ བཙུགས་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་ལུ་ ལཱ་འབད་ནི་ལུ་ལོ་༣༦ གྱི་ ཉམས་མྱོང་ཡོད་རུང་ ཌའི་གཱོན་ཤིང་འབྲས་བཙུགས་ནི་ལུ་ ཉམས་མྱོང་མེདཔ་ལས་ དམིགས་བསལ་དུ་ འཛུགས་སྐྱོང་འབད་དེ་ ཟླཝ་༤ ནང་ ལཱ་ཁག་བཏང་ཡོདཔ་ཨིན་པས།

ཁ་ར་ནཱན་ད་ཤར་མ་གི་ཞིང་ནང་ རང་བཞིན་གྱི་ལུད་ ནོར་གྱི་ཨ་བ་དང་ བྱ་གི་ལུད་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ད་ ས་ཆ་དེ་ ཆུ་གི་དཀའ་ངལ་ལུ་བརྟེན་ བཟའ་སྤྱོད་མ་འབད་བར་ ལུས་ཡོདཔ་ལས་ ས་བཅུད་མེད་མི་དང་ རྡོག་གི་གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས།
ཨིན་རུང་ ཁ་ར་ནཱན་ད་ཤར་མ་གིས་ ཧུམ་ཅུང་ཤིང་༧༠ དང་ གུ་ལིའི་ཤིང་༢༠ བཙུགས་ཏེ་ ས་བཅུད་ལྡན་བཟོ་དོ་ཡོདཔ་ཨིན་པས།

ཌའི་གཱོན་ཤིང་འབྲས་ཞིང་དེ་ ལྕགས་སྐུད་ར་བ་སྒོར་ཡོདཔ་ད་ གླངམོ་ཆེ་དང་ སེམས་ཅན་གཞན་ཚུ་ལས་ བཀག་ཐབས་ལུ་ ལྕགས་སྐུད་ཚུ་ ལག་ལེན་འཐབ་སྟེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement